ཨ་རིས་ཐེ་ལྦན་ལ་གོ་མཚོན་ཕྱིར་ཚོང་བྱ་རྒྱུའི་ཐབས་ལམ་གསར་པ།
2010.05.14
༄༅༎རྒྱ་ནག་གཞུང་གིས་སྐྱོན་བརྗོད་བྱེད་མིན་ལ་མ་ལྟོས་པར་ཨ་རིས་ཐེ་ལྦན་ལ་གོ་མཚོན་ཕྱིར་ཚོང་བྱ་རྒྱུའི་གནད་དོན་ཐོག་ཨ་རིའི་དཔོན་རིགས་ནས་ཐབས་ལམ་གསར་པ་ཞིག་འཚོལ་ཞིབ་གནང་བཞིན་ཡོད་པའི་སྐོར་ཐེ་ལྦན་གྱི་སྲིད་འཛིན་མའ་དབྱིང་ཇའུ་ཡིས་ས་གནས་གསར་འགྱུར་བརྒྱུད་ལམ་ལ་འགྲེལ་བརྗོད་གནང་ཡོད་པ་རེད།
ཐེ་ལྦན་གྱི་སྲིད་འཛིན་མའ་དབྱིང་ཇུའུ་ཡིས་ཨ་རིས་ཐེ་དབན་ལ་གོ་མཚོན་ཕྱིར་ཚོང་བྱེད་རྒྱུའི་ཕྱིར་བསྒྲགས་བྱས་པ་ཐ་མ་དེ་ད་ལོའི་ལོ་སྟོད་དུ་ཨ་སྒོར་ཐེར་འབུམ་དྲུག་ལྷག་གནས་པའི་དེང་དུས་ཅན་གྱི་གོ་མཚོན་ཕྱིར་ཚོང་གནང་རྒྱུ་དེ་ཡིན་པ་དང་ ད་ལྟ་དེ་མ་གཏོགས་གོ་མཚོན་ཕྱིར་ཚོང་གནང་རྒྱུའི་གནས་ཚུལ་གསར་པ་གང་ཡང་མེད་ཅིང་གལ་སྲིད་གོ་མཚོན་ཕྱིར་ཚོང་བྱ་རྒྱུའི་གནས་ཚུལ་གསར་པ་བྱུང་ཚེ་ཕྲལ་དུ་ཞིབ་ཕྲའི་གནས་ཚུལ་ཕྱིར་བསྒྲགས་གནང་རྒྱུ་ཡིན་ལུགས་གསུངས་ཡོད་པ་རེད་
རྒྱ་ནག་དང་ཐེ་ལྦན་དབར་གྱི་འབྲེལ་ལམ་འདས་པའི་ལོ་ངོ་དྲུག་ཅུའི་ནང་ཕྱོགས་གཉིས་དབར་དགྲ་ཁ་གཏད་ཀྱི་རྣམ་པ་ཞིག་གི་འོག་གནས་བཞིན་པ་དང་ཡིན་ནའང་ཕྱི་ལོ་ཉིས་སྟོང་བརྒྱད་ལོར་ཐེ་ལྦན་གྱི་སྲིད་དབང་གོ་མིན་ཏང་ཚོགས་པས་འཛིན་པའི་རྗེས་ཐེ་ལྦན་གྱི་དཔལ་འབྱོར་གནས་སྟངས་སླར་གསོ་ཡོང་ཐབས་སླད་ཐེ་ལྦན་གཞུང་གིས་རྒྱ་ནག་དང་ཐེ་ལྦན་དབར་དཔལ་འབྱོར་དང་ཚོང་དོན་འབྲེལ་ལམ་ཟབ་ཏུ་བཏང་ནས་ དེང་སྐབས་རྒྱ་ནག་དང་ཐེ་ལྦན་དབར་གྱི་འབྲེལ་ལམ་དེ་འདས་པའི་ལོ་ངོ་བཅུ་གྲངས་ཁ་ཤས་ནང་བཟང་ཤོས་ཀྱི་དུས་ཤིག་ཡིན་ཞིང་ འོན་ཀྱང་ རྒྱ་ནག་གཞུང་གིས་ག་དུས་ཡིན་ནའང་ཐེ་ལྦན་དེ་བཞིན་རྒྱ་ནག་གི་ཞིང་ཆེན་ཞིག་ཡིན་པར་ངོས་འཛིན་གྱིས་ ཐེ་ལྦན་ཕྱོགས་སུ་མེ་ཤུགས་ཕུར་མདེལ་གཏོང་ཕྲག་གི་ཁ་གཏད་ནས་དྲག་པོའི་འཇིགས་སྐུལ་བྱེད་མུས་ཡིན་སྟབས་ ཐེ་ལྦན་གཞུང་གིས་ཨ་རི་ནས་དེང་རབས་ཅན་གྱི་གོ་མཚོན་ཉོ་སྒྲུབ་ཀྱིས་ཐེ་ལྦན་རང་ཉིད་ཀྱི་སྲུང་སྐྱོབ་ལས་དོན་འཐུས་གུ་ཚང་དུ་གཏོང་གི་ཡོད་ཅིང་ སྲིད་འཛིན་མའ་དབྱིང་ཇའུ་ཡིས་རྒྱ་ནག་གཞུང་གིས་ཐེ་ལྦན་ཕྱོགས་སུ་མེ་ཤུགས་ཕུར་མདེལ་སྟོང་ཕྲག་ཁ་གཏད་ནས་འཇོག་པའི་གནས་སྟངས་འོག་ཐེ་ལྦན་གཞུང་གིས་རྒྱ་ནག་དང་མཉམ་དུ་ཞི་བའི་གྲོས་མོལ་བྱ་རྒྱུ་ཁག་པོ་ཡིན་པ་དང་ དེ་ཡང་རྒྱ་ནག་གཞུང་གིས་ཤེས་རྟོགས་ཡོད་པ་ཞིག་ཡིན་པ་གསུངས་འདུག དེ་དང་ཕྱོགས་མཚུངས་ཐེ་ལྦན་སྲུང་སྐྱོབ་ལས་ཁང་གིས་ཐེ་ལྦན་གཞུང་གི་དགོས་འདུན་བཞིན་ཨ་རིའི་འབྲེལ་ཡོད་མགོ་མཚོན་ཕྱིར་ཚོང་གནང་མཁན་ཚོར་སྤྲོད་རྒྱུའི་ཐེ་ལྦན་ལ་དགོས་མཁོ་ཡོད་པའི་མགོ་མཚོན་གྱི་ཐོ་གཞུང་གྲ་སྒྲིག་བྱེད་བཞིན་ཡིན་པ་ཐེ་ལྦན་དབུས་གསར་འགྱུར་བརྒྱུད་ལམ་ལ་འགྲེལ་བརྗོད་གནང་ཡོད་པ་རེད༎