ཨ་རིའི་ཕྱི་སྲིད་དྲུང་ཆེ་ཕྱག་རོགས་འབར་མའི་ནང་ཆེད་ཕེབས།
2010.05.10
༄༅༎ཨ་རིའི་ཕྱི་སྲིད་དྲུང་ཆེ་ཕྱག་རོགས་ཕྱི་སྲིད་ལས་ཁང་གི་ཤར་ཨེ་ཤི་ཡའི་སྡེ་ཚན་གྱི་འགན་འཛིན་ཀ་ཀྲི་ཁེམ་སྦེལ་ཉིན་གྲངས་གཉིས་རིང་འབར་མའི་ནང་ཕེབས་ཡོད་པ་དང་ཨ་རི་གཞུང་གིས་འབར་མའི་ནང་འདས་པའི་ལོ་ངོ་ཉི་ཤུའི་རིང་གི་འོས་འདེམས་ཐོག་མ་དེ་སྤེལ་བའི་བརྒྱུད་རིམ་ནང་སྲིད་དོན་གྱི་འཁོར་ཡུག་གནས་སྟངས་ལ་སེམས་འཚབ་ཆེན་པོ་གནང་བཞིན་ཡོད་པ་དང་ ཨ་རིའི་དཔོན་རིགས་ཁོང་འབར་མའི་ནང་ཕེབས་ནས་དེ་རིང་འབར་མ་དམངས་གཙོ་ཚོགས་པའི་ཚོགས་གཙོ་ལྕམ་ཨང་སང་སུའུ་ཆི་དང་ལྷན་དུ་མཇལ་འཕྲད་གནང་ཡོད་པ་དང་དཔོན་རིགས་རྣམ་གཉིས་དབར་མཇལ་འཕྲད་གནང་བའི་རིང་བཀའ་མོལ་ག་རེ་གནང་ཡོད་མིན་ད་ལྟའི་ཆར་ཞིབ་ཕྲའི་གནས་ཚུལ་གང་ཡང་ཕྱིར་བཏོན་གནང་མེད་ཅིང་ ལྕམ་ཨང་སང་སུའུ་ཆི་དང་མཇལ་འཕྲད་མ་གནང་སྔོན་ཨ་རིའི་ཕྱི་སྲིད་ལས་ཁང་གི་དཔོན་རིགས་ཀ་ཀྲི་ཁེམ་སྦེལ་ཡིས་འབར་མ་དམངས་གཙོ་ཚོགས་པའི་ཚོགས་མི་ཁག་ཅིག་དང་ལྷན་དུ་མཇལ་མོལ་གནང་ཡོད་པ་དང་ཕྱོགས་འགལ་དམངས་གཙོ་ཚོགས་པས་ ཨ་རི་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འབར་མ་དྲག་པོའི་གཞུང་གིས་ཐོག་སྲིད་བྱུས་མཁྲེགས་པོ་འཛིན་རྒྱུའི་འབོད་སྐུལ་གནང་ཡོད་ཅིང་ ང་ཚོས་སྐུ་ཚབ་ཁེམ་སྦེལ་ཡིས་འབར་མའི་ནང་རིང་མིན་སྤེལ་འཆར་ཡོད་པའི་འོས་བསྡུའི་མཇུག་འབྲས་ལ་ཁས་ལེན་མི་གནང་རྒྱུའི་འབོད་སྐུལ་ཡང་ཞུས་ཡོད་ཅེས་འབར་མ་དམངས་གཙོ་ཚོགས་པའི་ཚོགས་མི་མཐོ་གྲས་ལྦིན་ཏིན་གྱིས་འགྲེལ་བརྗོད་བྱས་འདུག
འབར་མའི་ནང་རིང་མིན་སྤེལ་འཆར་ཡོད་པའི་རྒྱལ་ཡོངས་འོས་བསྡུ་དེ་བཞིན་དྲང་བདེན་དང་དམངས་གཙོ་ལམ་ལུགས་དང་ལྡན་པ་ཞིག་མིན་པར་བརྟེན་ནས་འབར་མ་དམངས་གཙོ་ཚོགས་པ་དང་དམངས་གཙོའི་ལམ་ལུགས་འཛིན་མཁན་གྱི་ཚོགས་པ་ཁག་ཅིག་གིས་ཁ་སང་གཟའ་པ་སངས་ཉིན་ཚོགས་པ་དེ་དག་འབར་མའི་འོས་བསྡུའི་ནང་བཞུགས་རྒྱུ་མིན་པ་དངོས་སུ་ཕྱིར་ཐེན་བྱས་ཡོད་པ་རེད་
འབར་མ་དྲག་པོའི་གཞུང་གིས་འདས་པའི་ལོ་ངོ་ཉི་ཤུའི་རྗེས་སུ་རྒྱལ་ཡོངས་འོས་བསྡུ་ཐོག་མ་དེ་སྤེལ་རྒྱུར་འོས་བསྡུའི་སྒྲིག་སྲོལ་གསར་པ་ཁག་ཅིག་གཏན་འབེབས་བྱས་ནས་འབར་མ་དྲག་པོའི་གཞུང་གིས་ཁྲིམས་གཏུགས་དང་ཁྲིམས་འགལ་ཡིན་པར་ཁྲིམས་ཐག་བཅད་པའི་འོས་མི་ རྒྱལ་ཡོངས་འོས་བསྡུའི་ནང་འོས་མིའི་མིང་ཐོག་ནས་ལངས་མི་ཆོག་པ་གཏན་འབེབས་བྱས་ཡོད་པ་དང་ གཏན་འབེབས་དེ་ལྟར་ལག་བསྟར་བྱས་ཚེ་ འབར་མ་དམངས་གཙོ་ཚོགས་པའི་ཚོགས་གཙོ་ལྕམ་ཨང་སང་སུའུ་ཆི་དབུས་པའི་ཕྱོགས་འགལ་ཚོགས་པའི་དཔོན་རིགས་མང་ཆེ་བ་འོས་གཞིའི་ནང་འོས་མིའི་གྲས་སུ་བཞེངས་རྒྱུའི་ཐོབ་ཐང་མེད་པར་བརྟེན་ འབར་མ་དམངས་གཙོ་ཚོགས་པ་ཁག་གིས་འབར་མ་དྲག་པོའི་གཞུང་གིས་སྲིད་བྱུས་གསར་པ་དེ་རིགས་གཏན་འེབབས་བྱེད་ཡས་དེ་ནི་དམངས་གཙོའི་སྒྲིག་སྲོལ་དང་མཐུན་གྱི་མེད་པར་སྐྱོན་བརྗོད་གནང་བ་དང་འབྲེལ་ འབར་མ་དམངས་གཙོ་ཚོགས་པས་འོས་བསྡུའི་ལམ་ལུགས་དྲང་བདེན་མིན་པར་ངོ་རྒོལ་ཆེད་ཚོགས་པ་དེས་འོས་བསྡུ་ནས་ཕྱིར་འཐེན་བྱས་ཡོད་པ་རེད་