ཨ་རིའི་གསང་བའི་གནམ་གྲུས་དྲག་འཐབ་མཁན་ལ་གཏོར་རྒོལ།
2010.01.01
༄༅༎ཁ་ས་པ་ཀིསི་ཐན་གྱི་བྱང་ཕྱོགས་ལྦ་ཛི་རི་སི་ཏན་ཁུལ་འགྲུལ་འཁོར་ཆུང་བ་ཞིག་ཐོག་ཨ་མི་རི་ཀའི་མི་མེད་གནམ་གྲུ་ཞིག་གིས་མེ་ཤུགས་འཕུར་མདེལ་གྱིས་གཏོར་རྒོལ་བཏང་ནས་མི་གསུམ་རྐྱེན་ལམ་དུ་བཏང་ཡོད་པ་དང་དེ་ནི་འདས་པའི་ཉི་མ་གཉིས་ནང་ཁུལ་དེར་གནམ་ཐོག་ནས་གཏོར་རྒོལ་བཏང་བ་ཐེངས་གཉིས་པ་དེ་ཆགས་ཀྱི་ཡོད་སྐོར་པ་ཀིསི་ཐན་གྱི་བདེ་སྲུང་དཔོན་རིགས་ཚོས་འགྲེལ་བརྗོད་བྱས་བཞག།
འདས་པའི་ཟླ་བ་དེའི་ནང་ཨ་མི་རི་ཀའི་གསང་བའི་གནམ་གྲུ་ཁག་གིས་ཁ་ཆེ་དྲག་འཐབ་མཁན་འགྲུལ་བཞུད་བྱེད་ས་ཡིན་པར་དོགས་པ་བྱེད་སའི་འགྲུལ་འཁོར་ཐོག་འབོམ་གྱིས་གཏོར་རྒོལ་བཏང་ཡོད་པ་ལྟར། ཁ་ས་བྱང་ཕྱོགས་ལྦ་ཛི་རི་སི་ཏན་གྱི་གྲོང་ཚོ་ལྟེ་བ་མི་རན་ཤའ་ནས་རྒྱང་ཚད་ཀི་ལོ་མི་ཊར་བཅོ་ལྔའི་སར་ཡོད་པའི་གུན་རྡི་ཀ་ལ་གྲོང་གསེབ་ནང་ཨ་རིའི་མི་མེད་གནམ་གྲུ་ཞིག་གིས་དྲག་འཐབ་མཁན་ཡོད་པར་དོགས་པ་བྱེད་སའི་འགྲུལ་འཁོར་ཆུང་བ་ཞིག་མེ་ཤུགས་འཕུར་མདེལ་གཉིས་རྒྱབ་ནས་གཏོར་རྒོལ་བཏང་ཡོད་པ་དང༌། འགྲུལ་འཁོར་དེའི་ནང་ཡོད་པའི་དྲག་འཐབ་མཁན་མི་གསུམ་རྐྱེན་ལམ་དུ་བཏང་ཡོད་སྐོར་པ་ཀིསི་ཐན་གྱི་མཐོ་རིམ་བདེ་འཇགས་དཔོན་རིགས་ཅིག་གིས་ཕེ་རེན་སི་གསར་ལས་ཁང་ལ་འགྲེལ་བརྗོད་བྱས་འདུག།
དེ་བཞིན་ས་གནས་དེའི་འགོ་དཔོན་ཞིག་གིས་མེ་ཤུགས་འཕུར་མདེལ་གྱི་གཏོར་རྒོལ་བཏང་སའི་འགྲུལ་འཁོར་དེ་མེས་ཚིགས་པ་དང༌། འགྲུལ་འཁོར་དེ་དྲག་འཐབ་མཁན་གྱིས་མཐའ་སྐོར་ཡོད་དུས་འཁྲིད་ལ་འགྲོ་ཁག་པོ་ཆགས་ཡོད་ནའང༌། གཏོར་རྒོལ་ཕོག་སའི་འགྲུལ་འཁོར་དེའི་ཚིག་རོའི་ནང་ནས་མི་འགའ་ཤས་ཀྱི་ཕུང་པོ་བཏོན་ནས་རྒྱང་ནས་མཐོང་ཡོད་སྐོར་ཕ་རེན་སི་གསར་ལས་ཁང་ལ་བརྗོད་བཞག།
འདས་པའི་ཟླ་བ་གཅིང་ནང་ཨ་མི་རི་ཀས་བྱང་ཕྱོགས་ལྦ་ཛ་རི་སི་ཏན་ཁུལ་གནམ་ཐོག་ནས་མེ་ཤུགས་འཕུར་མདེལ་གྱི་གཏོར་རྒོལ་ཐེངས་བདུན་ཙམ་བཏང་ནས་མི་གྲངས་༤༤ཙམ་ཞིག་རྐྱེན་ལམ་དུ་བཏང་ཡོད་པ་རེད།