ཨ་རིའི་གྲོས་ཚོགས་གོང་མས་སྲིད་འཛིན་ལ་འབོད་སྐུལ།
2011.05.28
༄༅༎ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ཁག་ཅིག་གིས། འདི་ཚེས་༢༦ཉིན་སྲིད་འཛིན་སྦ་རཀ་ཨོ་སྦ་མ་ལ་ཕྱག་བྲིས་ཤིག་ཕུལ་བའི་ནང་། ཨ་རི་གཞུང་གིས་ཐེའི་ལྦན་ལ་ F-16 རྟགས་ཅན་གྱི་མཁའ་དམག་གནམ་གྲུ་འཕྲལ་དུ་ཚོང་འགྲེམ་གནང་དགོས་པའི་འབོད་སྐུལ་ཞུས་གནང་འདུག
དེ་ཡང་གནས་ཚུལ་ནང་འཁོར་པར་གཞིགས་ན། རྒྱ་ནག་གི་དྲག་རྒོལ་བྱེད་པའི་ཉེན་ཁར་གདོང་ལེན་བྱ་ཆེད། F-16 རྟགས་ཅན་གྱི་མཁའ་དམག་གནམ་གྲུ་ ༦༠ ཙམ་གྱི་དགོས་མཁོ་ཡོད་སྐོར་མཐེའི་ལྦན་གཞུང་གིས། ཕྱི་ལོ་ ༢༠༠༦ ནས་བཟུང་རེ་འདུན་སྟོན་ཡོད་ཀྱང༌། ཨ་རི་གཞུང་གིས། གལ་སྲིད་ཐེའི་ལྦན་ལ་མཁའ་དམག་གནམ་གྲུ་དེ་དག་ཚོང་འགྲེམ་བྱས་པ་ཡིན་ན། ཨ་རི་དང་རྒྱ་ནག་དབར་གྱི་ཆབ་སྲིད་དང་ཚོང་གི་འབྲེལ་ལམ་ལ་དོ་ཕོག་ཡོང་བའི་ཉེན་ཁ་གཟིགས་ཏེ་ད་བར་རེ་འདུན་དེར་དགོངས་བཞེས་གནང་མེད་པ་རེད། འོན་ཀྱང༌། ད་ལམ་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ ༤༥ ཐུན་མོང་གི་ཐོག་ནས་སྲིད་འཛིན་ཨོ་སྦ་མ་ལ་ཕུལ་བའི་རེ་སྐུལ་ཕྱག་བྲིས་དེའི་ནང༌། རྒྱ་ནག་གཞུང་གིས་དེང་སྐབས་དྲག་པོའི་ལས་དོན་ཆེད་འགྲོ་གྲོན་ཧ་ཅང་ཆེན་པོ་གཏོང་བཞིན་ཡོད་པའི་ཐོག་ རྒྱུན་དུ་ཐེའི་ལྦན་ལ་རྡིག་སྐུལ་བྱེད་བཞིན་ཡོད་པ་མ་ཟད། དགོས་གལ་བྱུང་ཚེ་དྲག་རྒོལ་ཡང་བྱེད་སྲིད་བཟོ་ཡོད་པར། དེ་ལྟར་བྱས་ཚེ་ཨ་རིའི་བདེ་འཇགས་ལ་ཐད་ཀར་ཤུགས་རྐྱེན་ཐེབས་ཉེན་ཡོད་སྟབས། ཐེའི་ལྦན་ལ་མཁོ་བའི་མཁའ་དམག་གནམ་གྲུ་དེ་དག་འཕྲལ་དུ་ཚོང་འགྲེམ་གནང་དགོས་པའི་འབོད་སྐུལ་ཞུས་གནང་ཡོད་འདུག།