ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་མཆོག་ཐའེ་ལེན་ཌིར་ཕེབས་འབྱོར།
2009.07.21
༄༅༎ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་ལྕམ་ཧི་ལ་རི་ཀི་ལིན་ཊེན་མཆོག་རྒྱ་གར་དུ་ཉིན་གྲངས་ལྔའི་རིང་གི་འཚམས་གཟིགས་གྲུབ་རྗེས་གཟའ་མིག་དམར་ཉིན་ཐའེ་ལེན་ཌི་དུ་ཕེབས་འབྱོར་བྱུང་ཞིང་དེ་གར་ཚུགས་རྒྱུའི་ལྷོ་ཤར་ཨེ་ཤེ་ཡའི་ཡུལ་གྲུའི་མཐུན་ཚོགས་ཀྱི་བདེ་འཇགས་སྲུང་སྐྱོབ་ཀྱི་ཆེས་མཐོའི་ཚོགས་ཆེན་ཐོག་ཆེད་ཕེབས་གནང་རྒྱུ་ཡིན་པ་རེད།
ཐེངས་འདིའི་ལྷོ་ཤར་ཨེ་ཤེ་ཡའི་ཡུལ་གྲུའི་མཐུན་ཚོགས་ཀྱི་ཚོགས་ཆེན་དེའི་སྐབས་བྱང་ཀོ་རི་ཡའི་རྡུལ་ཕྲན་ལས་གཞིའི་ཉེན་ཚབས་དང་མིཡན་མར་གྱི་གནད་དོན་ནི་ཚོགས་འདུའི་གྲོས་གཞི་གཙོ་བོ་ཆགས་རྒྱུ་ཡིན་འདུག
ལྕམ་ཧི་ལ་རི་ཀི་ལིན་ཊེན་མཆོག་ནས་ལྷོ་ཤར་ཨེ་ཤེ་ཡའི་ཡུལ་གྲུའི་མཐུན་ཚོགས་ཀྱི་དབུ་འཁྲིད་ཁག་གི་ཕྱི་སྲིད་བློན་ཆེན་རྣམ་པ་དང་མཇལ་འཕྲད་གནང་རྒྱུ་ཡིན་པར་མ་ཟད་ལྷོ་ཤར་ཨེ་ཤེ་ཡའི་མངའ་ཁུལ་དེའི་ནང་རྒྱ་ནག་གི་ཤུགས་རྐྱེན་ཇེ་ཆེར་འགྲོ་བཞིན་པར་དམིགས་སྟེ་ཨ་མི་རི་ཀ་དང་ལྷོ་ཤར་ཨེ་ཤེ་ཡའི་ཡུལ་གྲུའི་དབར་མཛའ་མཐུན་དང་མཉམ་འབྲེལ་བྱ་རྒྱུའི་ཆིངས་ཡིག་ཅིག་ལ་མིང་རྟགས་བཀོད་གནང་རྒྱུ་ཡིན་འདུག་ཅིང་རྒྱ་ནག་གཞུང་གིས་ལྷོ་ཤར་ཨེ་ཤེ་ཡའི་ཡུལ་གྲུའི་མཐུན་ཚོགས་དང་འདི་ལྟ་བུའི་ཆིངས་ཡིག་ཞིག་དེ་སྔོན་མིང་རྟགས་བཀོད་ཟིན་པ་ཡིན་པ་རེད།
ཆིངས་ཡིག་འདིའི་དགོས་དོན་གཙོ་བོ་ནི་མིང་རྟགས་བཀོད་མཁན་གྱི་རྒྱལ་ཁབ་ཕན་ཚུན་ཐོག་དྲག་པོའི་དཔུང་འཇུག་བྱ་རྒྱུ་འགོག་ཐབས་ཆེད་ཡིན་པ་དང་ཨ་མི་རི་ཀས་ལོ་མང་པོའི་རིང་གལ་ཏེ་ཆིངས་དོན་དེར་མིང་རྟགས་བཀོད་ཚེ་ཨ་མི་རི་ཀའི་མངའ་ཁུལ་དེའི་ནང་གི་ཆབ་སྲིད་དང་བདེ་འཇགས་ལས་དོན་ཐད་འགུལ་བ་སྐྱོད་ཀྱི་ནུས་ཚད་ཆུང་དུ་གཏོང་གི་ཡོད་པར་ངོས་འཛིན་གནང་སྟེ་ལོ་མང་པོའི་རིང་ཆིངས་དོན་དེར་མིང་རྟགས་བཀོད་མེད་པ་རེད།
འོན་ཀྱང་དཔལ་འབྱོར་དང་དམག་སྟོབས་རྒྱ་སྐྱེད་འགྲོ་བཞིན་པའི་རྒྱ་ནག་གིས་ལྷོ་ཤར་ཨེ་ཤེ་ཡའི་མངའ་ཁུལ་དེའི་ནང་རང་ཉིད་ཀྱི་ཤུགས་རྐྱེན་ཆེ་རུ་གཏོང་རྒྱུར་དམིགས་སྟེ་ཕྱི་ལོ་ཉིས་སྟོང་གསུམ་ལོར་ཆིངས་དོན་དེར་མིང་རྟགས་བཀོད་ཡོད་པ་རེད།
དེར་བརྟེན་ཨ་མི་རི་ཀའི་ངོས་ནས་ཆིངས་དོན་དེར་མིང་རྟགས་འགོད་དང་མ་འགོད་ཀྱི་ཡང་ལྗི་བསྡུར་སྐབས་མིང་རྟགས་བཀོད་ན་ཁེ་ཕན་ཆེ་བ་ཡོད་པ་གཟིགས་ཡོད་པ་རེད་ཅེས་ལྷོ་ཤར་ཨེ་ཤེ་ཡའི་ཡུལ་གྲུའི་མཐུན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་རོ་ཌོལ་ཕོ་སེ་ལྦེ་རི་ནོས་གསུངས་འདུག
ལྷོ་ཤར་ཨེ་ཤེ་ཡའི་ཡུལ་གྲུ་ཁག་གི་ཕྱི་སྲིད་བློན་ཆེན་རྣམ་པ་ཐོུང་གི་ཐོག་ནས་གསལ་བསྒྲགས་ཤིག་སྤེལ་ཡོད་པ་དེའི་ནང་ཨ་མི་རི་ཀའི་ངོས་ནས་ཆིངས་དོན་དེར་མིང་རྟགས་བཀོད་རྒྱུའི་ཐག་གཅོད་ལ་དགའ་བསུ་ཞུ་རྒྱུ་ཡིན་ཞེས་དང་འདི་ནི་ཨ་མི་རི་ཀས་ལྷོ་ཤར་ཨེ་ཤེ་ཡའི་མངའ་ཁུལ་གྱི་ཟི་བདེ་དང་སྲུང་སྐྱོབ་ཐད་ཐུགས་འཁུར་གནང་བཞིན་པའི་མཚོན་རྟགས་གལ་ཆེ་ཞིག་ཏུ་ངོས་འཛིན་ཞུ་གི་ཡོད་ཅེས་གསུངས་འདུག།