ཨ་རིའི་བོད་དོན་དམིཌ་བསལ་འབྲེལ་མཐུད་པ་བལ་ཡུལ་དུ་ཕེབས།

ཨ་མི་རི་ཀའི་ཕྱི་སྲིད་ལྷན་ཁང་གི་བོད་དོན་དམིགས་བསལ་འབྲེལ་མཐུད་སྐུ་ཚབ་དེང་སྐབས་བལ་ཡུལ་དུ་འཚམས་འདྲིར་ཕེབས་ཡོད་པ་རེད།

2011.02.13

༄༅༎ཨ་མི་རི་ཀའི་ཕྱི་སྲིད་ལྷན་ཁང་གི་བོད་དོན་དམིགས་བསལ་འབྲེལ་མཐུད་སྐུ་ཚབ་ལྕམ་མ་རི་ཡ་ཨོ་ཊེ་རོ་དེང་སྐབས་བལ་ཡུལ་དུ་འཚམས་འདྲིར་ཕེབས་ཡོད་པ་རེད།

དེ་ཡང་ཨ་མི་རི་ཀའི་ཕྱི་སྲིད་ལས་ཁང་གི་དམངས་གཙོ་དང་རྒྱལ་སྤྱིའི་ལས་དོན་ཚན་པའི་རྒན་དྲུང་ལྕམ་མ་རི་ཡ་ཨོ་ཊེ་རོ་ནི་བོད་དོན་དམིགས་བསལ་འབྲེལ་མཐུད་པའི་ཐུགས་འགན་ཡང་བཞེས་བཞིན་པ་ལྟར་ཉེ་ཆར་ཕྱི་ཟླ་གཉིས་པའི་ཚེས་༨ནས་རྒྱ་གར་ལྷོ་ཕྱོགས་སྦའེ་ལ་ཀུ་པེ་བོད་མིའི་གཞིས་ཆགས་སུ་འཚམས་གཟིགས་སུ་ཕེབས་ཏེ། དེའི་ཁུལ་གྱི་འཚམས་འདྲི་གཟིགས་སྐོར་གྲུབ་པའི་རྗེས། བལ་ཡུལ་་དང་འབྲུག་ཡུལ་ནང་འཚམས་འདྲིར་ཕེབས་ཀྱི་ཡོད་པ་རེད། དེ་རིང་རེས་གཟའ་ཉི་མའི་ཉིན་བལ་ཡུལ་རྒྱལ་ས་ཀ་ཐ་མན་གྲུའི་ནང་ཡོད་པའི་ཨ་རིའི་གཞུང་ཚབ་ཁང་གིས་གསལ་བསྒྲགས་ཤིག་སྤེལ་བའི་ནང༌། ལྕམ་ཨོ་ཊེ་རོ་རེས་གཟའ་སྤེན་པའི་ཉིན་བལ་ཡུལ་རྒྱལ་སར་ཕེབས་འབྱོར་གནང་སྟེ་དེར་ཉིན་གསུམ་རིང་འཚམས་འདྲི་གནང་རྒྱུའི་འཆར་གཞི་ཡོད་པའི་སྐོར་དང༌། ཁོང་གིས་དེར་འཚམས་འདྲི་གནང་རྒྱུན་རིང༌། བལ་ཡུལ་གྱི་སྲིད་བློན་ཇ་ལ་ནཐ་ཁ་ནལ་དང༌། ཆབ་སྲིད་དབུ་ཁྲིད། གཞུང་གི་མཐོ་རིམ་དཔོན་རིགས། ཚོགས་པ་ཁག་གི་སྐུ་ཚབ་དང་མཇལ་འཕྲད་གནང་རྒྱུ་དང༌། རེས་གཟའ་ཟླ་བའི་ཉིན་བལ་ཡུལ་གཞུང་དང་ཨ་མི་རི་ཀའི་གཞུང་ཚབ་ལས་ཁང༌། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་བཟུང་འབྲེལ་གྱིས་གོ་སྒྲིག་གནང་བའི་བྱེད་སྒོ་ཞིག་ཐོག་རང་འབྱུང་གི་གནོད་འཚེའི་བསླབ་བྱ་བླངས་ནས་གྲ་སྒྲིག་གི་ལས་དོན་ལག་བསྟར་བྱ་ཕྱོགས་ཐོག་ལ་གཏམ་བཤད་གནང་རྒྱུ་ཡིན་པའི་སྐོར་བཀོད་ཡོད་པ་རེད། ལྕམ་ཨོ་ཊེ་རོ་རེས་གཟའ་སྤེན་པའི་ཉིན་བལ་ཡུལ་རྒྱལ་སར་ཕེབས་འབྱོར་སྐབས། ཐོག་མར་ཉེ་ཆར་སྲིད་བློན་འོས་འདེམས་བྱས་ཏེ། གཞུང་གསར་པ་བཙུགས་ཐུབ་པ་དེར་དགའ་བསུ་དང་སྔགས་བརྗོད་གནང་བ་མ་ཟད། མ་འོངས་པར་བལ་ཡུལ་གཞུང་དང་སེམས་ཐག་ཉེ་བའི་འབྲེལ་ལམ་བྱ་རྒྱུ་ཡིན་པ་གསུངས་ཡོད་ཅིང༌། ལྕམ་ཨོ་ཊེ་རོ་ནི། ཨ་མི་རི་ཀའི་ཕྱི་སྲིད་ལྷན་ཁང་གི་དཔོན་རིགས་ཀྱི་མཚན་གནས་ཡོད་པ་ཙམ་དུ་མ་ཟད། བོད་དོན་དམིགས་བསལ་འབྲེལ་མཐུད་པའི་ཐུགས་འགན་བཞེས་ཡོད་པར་བརྟེན་ནས། ད་རེས་ཁོང་བལ་ཡུལ་དུ་འཚམས་འདྲིར་ཕེབས་པའི་གོ་སྐབས་དང་བསྟུན་ནས་བལ་ཡུལ་ནང་གི་བོད་མི་བཙན་བྱོལ་བའི་གནས་བབ་སྐོར་ལ་བལ་ཡུལ་གཞུང་གི་དཔོན་རིགས་དང་བཀའ་བསྡུར་གནང་རྒྱུའི་འཆར་གཞི་ཡང་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎