ཨ་རིའི་མི་སེར་བརྒྱད་གློད་བཀྲོལ་ཆེད་རྒྱ་ནག་ལ་འབོད་སྐུལ་ཞུས་པ།
2008.08.23
༄༅༎ཨ་རི་གཞུང་གིས་རྒྱ་ནག་ནང་འཛིན་བཟུང་བཀག་ཉར་བྱེད་བཞིན་པའི་ཨ་རིའི་མི་སེར་བརྒྱད་རྒྱ་ནག་གཞུང་གིས་མགྱོགས་མྱུར་གློད་བཀྲོལ་གཏོང་རྒྱུའི་ཛ་དྲག་གི་འབོད་སྐུལ་ཞུས་ཡོད་པ་རེད་
ཉིན་ཤས་སྔོན་པེ་ཅིང་ནང་བོད་དོན་རྒྱབ་སྐྱོར་གནང་མཁན་ཨ་རིའི་མི་སེར་བརྒྱད་ཀྱིས་བོད་རང་བཙན་གྱི་སྐད་འབོད་བྱས་པའི་རྐྱེན་གྱིས་རྒྱ་ནག་གཞུང་གིས་དུས་ཡུན་ཉིན་གྲངས་བཅུའི་རིང་ཁོང་ཚོ་འཛིན་བཟུང་བཀག་ཉར་བྱ་རྒྱུའི་ཐག་གཅོད་བྱས་ཡོད་པ་དང༌། ད་རེས་གཟའ་སྤེན་པའི་ཉིན་ཨ་རི་གཞུང་གིས་ཨ་རིའི་མི་སེར་དེ་དག་རྒྱ་ནག་གཞུང་གིས་ཕྲལ་དུ་གློད་བཀྲོལ་གཏོང་རྒྱུའི་ཛ་དྲག་གི་འབོད་སྐུལ་ཞུས་ཡོད་པ་རེད། རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཡོད་པའི་ཨ་རིའི་གཞུང་ཚབ་ཁང་གི་མགྲིན་ཚབ་མ་ སུ་ཛེན་སི་ཊི་ལྦེན་སེན་ གྱིས་འགྲེལ་བརྗོད་གནང་བར། ཨ་རིའི་གཞུང་ཚབ་དཔོན་རིགས་ནས་རྒྱ་ནག་གི་དཔོན་རིགས་དང་ཐུག་འཕྲད་གནང་སྟེ་ཨ་རི་མི་སེར་དེ་དག་འཕྲལ་དུ་གློད་བཀྲོལ་གཏོང་རྒྱུའི་འབོད་སྐུལ་ཞུས་ཡོད་པ་དང་འབྲེལ་ འཛིན་བཟུང་བཀག་ཉར་བྱེད་བཞིན་པའི་ཨ་རིའི་མི་སེར་བརྒྱད་པོ་དེར་གཟིགས་པར་ཕེབས་ཡོད་པ་དང༌། ཁོང་ཚོར་བཙོན་འཇུག་དོ་དམ་བྱེད་པའི་རིང་ཉེས་རྡུང་མནར་གཅོད་སོགས་ཀྱི་འདྲི་བརྩད་གང་ཡང་བྱས་མེད་པ་འགྲེལ་བརྗོད་གནང་བཞག
ཨ་རིའི་གཞུང་ཚབ་ལས་ཁང་གི་མགྲིན་ཚབ་མས་མུ་མཐུད་གསུངས་ན། ཨ་རི་གཞུང་གིས་རྒྱ་ནག་གཞུང་གིས་ཞི་བའི་ངོ་རྒོལ་རྔམ་སྟོན་རིགས་ཀྱི་ཐབས་ལམ་ཐོག་ནས་རང་ཉིད་ཀྱི་བསམ་ཚུལ་བཏོན་མཁན་ཚོའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་བརྩི་ཞུ་དགོས་པའི་འབོད་སྐུལ་ཞུ་གི་ཡོད་ཅེས་གསུངས་ཡོད་པ་དང་ཕྱོགས་མཚུངས། རྒྱ་ནག་གཞུང་གིས་ཨོ་ལིལམ་པིག་རྩེད་འགྲན་རིང་རྒྱ་ནག་ནང་ངོ་རྒོལ་རྔམ་སྟོན་བྱ་ཆོག་པའི་ཁས་ལེན་དོན་ཐོག་ཏུ་འཁྱོལ་གྱི་མེད་པར་སྐྱོན་བརྗོད་ཡང་གནང་ཡོད་པ་རེད།