ཉི་ཧོང་གི་སྲུང་སྐྱོབ་ལ་ཨ་རིས་འགྱུར་མེད་ཆོད་སེམས་ཡོད་སྐོར།
2009.06.01
༄༅༎ཨ་མི་རི་ཀའི་ཕྱི་སྲིད་དཔོན་རིགས་མཐོ་བ་ཞིག་གིས་ཨ་མི་རི་ཀས་ཉི་ཧོང་གི་སྲུང་སྐྱོབ་ཀྱི་གནད་དོན་ཐོག་འགྱུར་བ་མེད་པའི་ཆོད་སེམས་བརྟན་པོ་ཡོད་སྐོར་ནན་བརྗོད་གནང་ཡོད་པ་རེད།
ཨ་མི་རི་ཀའི་ཕྱི་སྲིད་ལྷན་ཁང་གི་དྲུང་གཞོན་སྐུ་ཞབས་ཇེམ་སི་སི་ཀའེན་སྦག་ནས་ཉི་ཧོང་དུ་ཨ་རིའི་བྱང་ཀོ་རི་ཡའི་གནད་དོན་ཐོག་ཕྱག་ལས་གནང་མཁན་སྐུ་ཞབས་སི་ཊི་ཕེན་སྦོ་སི་ལྦོཐ་ལྷན་དུ་གསར་འགོད་ལྷན་ཚོགས་ཤིག་གི་ཐོག་ཨ་མི་རི་ཀའི་ངོས་ནས་ཉི་ཧོང་དང་མུ་མཐུད་མཉམ་འབྲེལ་གནང་རྒྱུའི་འདུན་པ་ཡོད་པ་མ་ཟད་ཉི་ཧོང་གི་སྲུང་སྐྱོབ་ཐོག་འགྱུར་བ་མེད་པའི་ཆོད་སེམས་བརྟན་པོ་ཡོད་ཅེས་གསུངས་འདུག གོང་ཞུས་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དཔོན་རིགས་རྣམ་གཉིས་བྱང་ཀོ་རི་ཡས་ཉེ་ལམ་རྡུལ་ཕྲན་གོ་མཚོན་དང་མེ་ཤུགས་འཕུར་མདེལ་ཐེངས་གཉིས་ཚོད་བལྟ་བྱས་པའི་རྐྱེན་ཤར་ཨེ་ཤེ་ཡའི་མངའ་ཁུལ་དེ་སྲུང་སྐྱོབ་ཀྱི་གནད་དོན་ཐོག་ཉེན་ཚབས་ཅན་ཞིག་ཆགས་པར་བརྟེན་ཁོང་རྣམ་པ་གཉིས་རྒྱ་ནག་དང་ར་ཤི་ཡ་ལྷོ་ཀོ་རི་ཡ་བཅས་པའི་ཡུལ་ཁག་ནང་གཞུང་དོན་ཕྱོགས་ཕེབས་གནང་ཡོད་པ་རེད། ཡང་ཨ་རིའི་ཕྱི་སྲིད་དྲུང་གཞོན་སྐུ་ཞབས་ཇེམ་སི་སི་ཀྲའེན་སྦག་ཡིས་བྱང་ཀོ་རི་ཡའི་རྡུལ་ཕྲན་འཕྲུལ་རིག་དེ་དག་ཆ་ཚང་མེད་པ་བཟོས་པའི་དག་ཐེར་ཐུབ་པ་ཞིག་གནང་རྒྱུ་དེ་རྒྱ་ནག་དང་ར་ཤི་ཡ་ལྷོ་ཀོ་རི་ཡ་བཅས་པའི་ཡུལ་ཁག་རྣམས་དང་མཉམ་འབྲེལ་ཐོག་ཕྱག་ལས་གནང་རྒྱུའི་ཆོད་སེམས་བརྟན་པོ་ཡོད་སྐོར་གསུངས་འདུག ཉི་ཧོང་གི་ཕྱི་སྲིད་བློན་ཆེན་གཞོན་པ་སྐུ་ཞབས་མི་ཏོ་ཇི་ཡ་སྦུ་ན་ཀ་ཡིས་ཨ་རིའི་ཕྱི་སྲིད་དྲུང་གཞོན་དང་མཇལ་འཕྲད་གནང་རྗེས་ཉི་ཧོང་ངོས་ནས་རྡུལ་ཕྲན་མཚོན་ཆ་ལྡན་པའི་བྱང་ཀོ་རི་ཡའི་ཡུལ་ཞིག་ངོས་ལེན་གནང་ཐབས་མེད་སྐོར་གསུངས་འདུག ཡང་གནས་ཚུལ་ནང་འཁོད་པར་གཞིགས་ན་བྱང་ཀོ་རི་ཡས་རྒྱང་ཐག་རིང་བའི་མེ་ཤུགས་འཕུར་མདེལ་ཞིག་ཚོད་བལྟ་བྱེད་རྩིས་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་བཞག།