བོད་དོན་ལ་རྒྱབ་སྐྱོར་གནང་མཁན་ཚུད་པའི་རྒྱ་ནག་ལ་གདོང་ལེན་བྱེད་མཁན་གྱི་ཕྱི་རྒྱལ་དཔོན་རིགས་ལ་རྒྱ་ནག་གིས་དྲྭ་ཐོག་ནས་སིམ་འཛུལ་གྱིས་གསོ་ཉུལ་བྱས་པ་བརྗོད་འདུག
དབྱིན་ཡུལ་དང་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་བློན་ཆེན་གྱིས་གཙོས་རྒྱ་ནག་ཐོག་ལ་གདོང་ལེན་བྱེད་མཁན་གྱི་དཔོན་རིགས་དང་ལྷག་པར་བོད་ཀྱི་གནད་དོན་ཐོག་ལ་མངོན་གསལ་དོད་པོའི་རྒྱབ་སྐྱོར་གནང་སྟེ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་བཅས་ལ་གཞུང་འབྲེལ་གྱི་རྣམ་འགྱུར་ཐོག་ནས་མཇལ་འཕྲད་གནང་མྱོང་མཁན་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་སྲིད་བློན་ཆེན་ ཡཱན་ ལིཔཱཝསིཀི་ (Jan Lipavsky) མཆོག་བཅས་ལ་རྒྱ་ནག་གིས་དྲྭ་ལམ་ཐོག་ནས་སིམ་འཛུལ་གྱིས་གསོ་ཉུལ་བྱེད་ཀྱི་ཡོད་པ་བརྗོད་འདུག
དེ་ཡང་རྒྱ་ནག་གི་བདེ་འཇགས་སྲུང་སྐྱོབ་ལས་ཁུངས་དང་འབྲེལ་བ་ཡོད་པའི་དྲྭ་ཐོག་སིམ་འཛུལ་དང་འཇབ་རྒོལ་བྱེད་མཁན་གྱིས་གཞུང་གི་དཔོན་རིགས་དང་གཞུང་ལས་ཁུང་གི་དྲ་རྒྱའི་ནང་གསོ་ཉུལ་དང་གནས་ཚུལ་རྐུ་འཁྱེར་བྱེད་ཁན་གྱི་ཚན་པ་ APT31 ཞེས་པ་དེར་བདུན་ཕྲག་འདིའི་ནང་ཨ་རིའི་ཁྲིམས་ཞིབ་ལྷན་ཁང་ནས་ཉེས་འཛུགས་བྱེད་པ་དང་དབྱིན་ཡུལ་གཞུང་ནས་ཉེས་ཆད་འགེལ་ཡོད་པ་དེས་དབྱིན་ཡུལ་གྱི་ཡུ་རོབ་ལས་དོན་ཚན་པའི་བློན་ཆེན་དང་། ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་སྲིད་བློན་ཆེན་གྱི་གཙོས་གནད་ཡོད་དཔོན་རིགས་མང་དག་ཅིག་གི་དྲྭ་རྒྱའི་ཐོག་གསོ་ཉུལ་བྱེད་ཀྱི་ཡོད་པ་དང་དེ་ཡང་རྒྱ་ནག་གི་བདེ་འཇགས་བློན་ཆེན་ལས་ཁུངས་དང་འབྲེལ་བ་ཡོད་པ་ཤེས་རྟོགས་བྱུང་སྐོར་ཨ་རིས་བརྗོད་ཡོད་པ་རེད།
ཨ་རིའི་ཁྲིམས་ཞིབ་ལས་ཁུངས་ནས་ཉེས་འཛུགས་བྱེད་པའི་ནང་། དེ་སྔ་ཕྱི་ལོ་ ༢༠༢༡ ལོར་རྒྱ་ནག་གི་ཉུང་ཞིབ་ཚན་པ་དེས་རྒྱ་ནག་རྒྱལ་ཁབ་ལ་ཁ་གཏད་གདོང་ལེན་བྱེད་མཁན་གྱི་རྒྱལ་སྤྱིའི་གྲོས་ཚོགས་ཀྱི་སྣ་སྦྲེལ་མཐུན་ཚོགས་ (IPAC) ཀྱི་འཐུས་མི་དང་འབྲེལ་ཡོད་གློག་འཕྲིན་ཁ་བྱང་མི་འདྲ་བ་ ༤༠༠ ཙམ་ལ་གློག་འཕྲིན་ ༡༠༠༠ ཙམ་བཏང་སྟེ། དྲ་འབུ་བཏང་པ་བརྒྱུད་གནས་ཚུལ་བསྡུ་རུབ་ཀྱིས་ལས་དོན་སྤེལ་ཡོད་པ་ཐེར་འདོན་བྱས་འདུག
རྒྱ་ནག་གི་ཉུལ་ཞིབ་བྱེད་ཡུལ་གྱི་ཁོངས་སུ་དབྱིན་ཇིའི་ཡོ་རོབ་ལས་དོན་ཚན་པའི་བློན་ཆེན་Nusrat Ghani ཡིས་ཕྱི་ལོ་ ༢༠༢༡ ལོའི་ཕྱི་ཟླ་བདུན་པའི་ནང་དབྱིན་ཇིའི་གྲོས་ཚོགས་ནང་། གནད་དོན་འདིའི་ཐོག་ཞིབ་འཇུག་དང་གདོང་ལེན་ལམ་སེང་བྱེད་དགོས་ལུགས་གསུངས་ཡོད་པ་རེད། དེ་དང་ཕྱོགས་མཚུངས་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་སྲིད་བློན་ཆེན་ Jan Lipavský མཆོག་ནས་ Politico གསར་ཁང་ལ། འདི་ལྟ་བུའི་བྱ་སྤྱོད་ནི་བདེ་འཇགས་སྲུང་སྐྱོབ་ཀྱི་གནད་དོན་ཞིག་ཡིན་སྟབས་ངེས་པར་དུ་ཕྱོགས་ཚང་མས་མཉམ་སྦྲེལ་གྱི་ཐོག་ནས་གདོང་ལེན་ཤུགས་ཆེ་ཙམ་བྱེད་དགོས་ལུགས་ནན་བརྗོད་བྱས་ཡོད་སྐོར་ངོ་སྤྲོད་གནང་འདུག འདི་འབྲེལ་རྒྱ་ནག་གཞུང་དང་འབྲེལ་བ་ཡོད་པའི་དྲྭ་རྒྱ་བརྒྱུད་གསོ་ཉུལ་བྱེད་ནས་གནས་ཚུལ་མཁོ་སྒྲུབ་བྱེད་མཁན་གྱི་འཕྲུལ་ལས་ཚནཔ་དེ་དག་གིས་དེ་སྔ་ཨ་རིའི་ནང་དུའང་ལས་དོན་སྤེལ་ཡོད་པར་ངོས་འཛིན་བྱུང་ཡོད་པ་རེད།།
གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།