ཚོགས་སྡེ་ཁག་མང་པོས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་སྤྱི་ཁྱབ་ཀྱིས་ལས་གནས་ནས་དགོངས་ཞུ་དགོས་བའི་འབོད་སྐུལ།

2022.06.09
ཚོགས་སྡེ་ཁག་མང་པོས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་སྤྱི་ཁྱབ་ཀྱིས་ལས་གནས་ནས་དགོངས་ཞུ་དགོས་བའི་འབོད་སྐུལ། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་སྤྱི་ཁྱབ་ལྕམ་(Michelle Bachelet)་ལགས་རྒྱ་ནག་ནང་གཟིགས་སྐོར་སྐབས་ཀྱི་མཚོན་དོན་རི་མོ།
RFA

འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་སྤྱི་ཁྱབ་ལྕམ་(Michelle Bachelet)་ཡིས་ཉེ་ལམ་ཟླ་བ་སྔོན་མར་རྒྱ་ནག་ནང་གཟིགས་སྐོར་གནང་གྲུབ་མ་ཐག་ཡིན་པ་དང་། ཁོང་མོས་གཟིགས་སྐོར་སྐབས་རྒྱ་ནག་གཞུང་གིས་ཞིན་ཅང་ཡུ་གུར་མི་རིགས་ས་ཡ་མང་པོར་སྡུག་སྦྱོང་མནར་གཅོད་བཏང་དང་གཏོང་བཞིན་པ་དང་། གཞན་ཡང་བོད་མི་སོགས་གྲངས་ཉུང་མི་རིགས་མང་པོའི་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་བརྩི་མི་ཞུ་བའི་ཉེས་སྤྱོད་དེ་ཚོ་འགེབས་སྲུང་བྱས་པ་དང་། དངོས་སུ་ཞིན་ཅང་ཁུལ་དུ་བསྐྱོད་པའི་སྐབས་སུའང་རྒྱ་ནག་གི་དྲིལ་བསྒྲགས་དང་འདོད་ཕྱོགས་ཁོ་ནའི་སྐད་ཆ་བཤད་ཡོད་པ་ལས། ཞིན་ཅང་ཡུ་གུར་མི་རིགས་རྩ་མེད་བཟོ་བའི་རྒྱ་ནག་གི་སྲིད་ཇུས་དེ་ཚོར་ཨ་རི་ཐེ་བའི་ཡུལ་གྲུ་མང་པོས་སྐྱོན་འཛུགས་བྱས་དང་བྱེད་བཞིན་ཡོད་པ་དེ་ཚོ་ཐེར་འདོན་གང་ཡང་བྱས་མེད་པའི་ཐོག ད་དུང་རྒྱ་ནག་གཞུང་གིས་མངའ་ཁུལ་དེའི་དཔལ་འབྱོར་གྱི་གནས་སྟངས་ཡར་རྒྱས་བཏང་ཡོད་ལུགས་སོགས་རྒྱ་ནག་གི་འདོད་ཕྱོགས་ཁོ་ནའི་བཀའ་མོལ་གསུངས་པ་སོགས་ཀྱི་བྱ་སྤྱོད་ལ་བརྟེན། འདི་ཚེས་༨རེས་གཟའ་ལྷག་པའི་ཉིན། བོད་རང་དབང་ཚོགས་པ་དང་། ཧོང་ཀོང་མང་གཙོའི་ལས་འགུལ་བའི་ཚོགས་པ། ལྷོ་སོག་པོ། ཡུ་གུར་ཁ་ཆེའི་མི་རིགས་ཀྱི་ཚོགས་པ། བོད་ཀྱི་གཞོན་ནུ་དང་བེུད་ལྷན་ཚོགས། བོད་རང་བཙན་སློབ་ཕྲུག་ཚོགས་པ། འཕགས་བོད་མཛའ་འབྲེལ་ཚོགས་པ། བོད་གནས་ལྟ་ཞིབ་ཁང་། འགྲོ་བ་མིའི་ཐོབ་ཐང་ཚོགས་པ་སོགས་ཚོགས་སྡེ་ཁག་༢༣༠ཡིས་མཉམ་དུ། ད་ལྟའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ལྷན་ཁང་གི་སྤྱི་ཁྱབ་(Michelle Bachelet)་ཡིས་ལས་འགན་ཚུལ་བཞིན་མ་བསྒྲུབ་པས་ན་ལས་གནས་ནས་འཕྲལ་དུ་དགོངས་ཞུ་དགོས་པའི་འབོད་སྐུལ་གནང་བ་ཡིན་པ་རེད་འདུག
དེ་བཞིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་(Antonio Guterres)་མཆོག་ལ་འབོད་སྐུལ་ཞུས་ཏེ། ད་ལྟའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ལྷན་ཁང་གི་སྤྱི་ཁྱབ་(Michelle Bachelet)་ཡི་ལས་གནས་འདི་ལོའི་ཕྱི་ཟླ་བརྒྱད་པའི་ནང་དུས་ཚོད་རྫོགས་པའི་རྗེས། སླར་ཡང་ལས་གནས་ཐོག་མུ་མཐུད་དུ་ཐེངས་གཉིས་པ་གནས་ཐུབ་རྒྱུའི་འབད་བརྩོན་བྱེད་ཀྱི་ཡོད་པར་བརྟེན། དེ་ལྟར་མི་ཡོང་བའི་ཆེད་དུ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་མཆོག་གིས་ཁོང་མོ་ལས་གནས་ཐོག་མུ་མཐུད་གནས་རྒྱུར་ཞལ་བཞེས་མ་གནང་རོགས་གནང་ཞེས་འབོད་སྐུལ་ཞུ་བཞིན་ཡོད་འདུག
ཕྱོགས་མཚུངས་གཟའ་འཁོར་རྗེས་མའི་ནང་གྲོང་ཁྱེར་ཇི་ནི་ཝར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སར་ཉེ་ཆར་ལྕམ་(Michelle Bachelet)་རྒྱ་ནག་ནང་བསྐྱོད་པའི་གནད་དོན་དེ་ཚོའི་ཐོག་གྲོས་བསྡུར་དང་ཁོང་མོའི་སྤྱོད་ཚུལ་ཐད་གླེང་སློང་མང་པོ་ཡོང་སྲིད་པ་རེད་འདུག

གསར་འགོད་པ། ཕྲ་རིང་བསྟན་ནོར།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎