བལ་ཡུལ་དུ་རྒྱལ་སྤྱིའི་ཁྲིམས་ལུགས་འགལ་འཛོལ་གྱི་སྙན་ཐོ།
2012.10.08
༄༅༎༡༩༩༦ནས་༢༠༠༦བར་བལ་ཡུལ་ནང་དུས་བདེ་ཞི་འཇགས་མེད་པའི་ལོ་བཅུའི་དུས་ཡུན་ནང་རྒྱལ་སྤྱིའི་ཁྲིམས་ལ་འགལ་འཛོལ་བྱས་པའི་གནས་ཚུལ་མང་པོ་བྱུང་བ་དེ་ཚོར་ འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་ནས་ཞིབ་འཇུག་གནང་ནས་དེ་རིང་སྙན་ཐོ་ཞིབ་ཕྲ་ཞིག་འདོན་སྤེལ་གནང་བཞག།
གོང་ཞུས་སྙན་ཐོ་དེའི་ནང་འཁོན་རྩོད་ཤུགས་ཆེ་བྱུང་བའི་ལོ་བཅུའི་དུས་ཡུན་རིང་ཕྱོགས་གཉིས་ཀས་རྒྱལ་སྤྱིིའི་ཁྲིམས་ལ་བརྩིས་མེད་བཏང་བའི་བའི་དོན་རྐྱེན་ནང་ཡུལ་མི་ཆིག་ཁྲི་གསུམ་སྟོང་ཙམ་ལ་སྲོག་སྐྱོན་དང་མི་གྲངས་༡༣༠༠ཙམ་ཞིག་གར་སོང་ཆ་མེད་དུ་གྱུར་ཡོད་པའི། བལ་ཡུལ་གཞུང་གིས་འཆི་སྐྱོན་བྱུང་བའི་མིིའི་གྲངས་འབོར་དེ་ཆིག་ཁྲི་བདུན་སྟོང་ཡིན་སྐོར་གསུང་ཡོད་སྟབས། འདས་གྲོངས་ཕྱིན་པའི་དངོས་གཞིའི་གྲངས་འབོར་དེ་ལས་མང་བ་ཡོད་སྲིད་སྐོར་གསལ་བསྟོན་གནང་འདུག།
རྒྱལ་སྤྱིའི་ཁྲིམས་ལ་འགལ་འཛོལ་བྱས་པའི་གནད་དོན་དེ་ཚོ༌། ཁྲིམས་འགལ་དམར་བསད་བཏང་བ་དང༌། གར་སོང་ཆ་མེད་དུ་བཏང་བ། སྡུག་སྦྱོང་མནར་གཅོད་བཏང་བ། ནག་ཉེས་ཁ་གསལ་མེད་པར་གང་བྱུང་འཛིན་བཟུང་བྱས་པ་དང༌། བུད་མེད་ལ་བཙན་གཡེམ་བྱས་པ་སོགས་གནད་དོན་ཁག་ལྔ་ལ་དབྱེ་ཡོད་པའི་ནང་ནས། དོན་རྐྱེན་འགའ་ཤས་དམག་འཁྲུག་སྐབས་ཀྱི་ནག་ཉེས་ལས་ཚབས་ཆེ་བ་ཡོད་པར་ངོས་འཛིན་གྱིས་དཔེ་མཚོན་གྱི་གྱོད་གཞི་མི་འདྲ་བ་ཁག་༤༡ཟུར་བཏོན་འགྲེལ་བཤད་ཞིབ་ཕྲ་གནང་ཡོད་པ་རེད།
རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་སྤྱི་ཁྱབ་ལྕམ་Navi Pillay ཡིས་ ཤོག་གྲངས་༢༣༣ཡོད་པའི་བལ་ཡུལ་ནང་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་བཏང་བའི་སྙན་ཐོའི་སྔོན་གླེང་ནང༌། སྙན་ཐོ་དེ་དང་དེར་རྒྱབ་སྐྱོར་བྱེད་མཁན་བལ་ཡུལ་གྱི་བར་བརྒལ་ཁྲིམས་ལུགས་དཔྱད་གཞི་ཡིག་ཆ་ཁྲི་གསུམ་ཡོད་པ་དེ་ཚོ་ བལ་ཡུལ་གཞུང་དང་མའོ་ཤོག་ཁག་དབར་གྱི་འཁོན་འཁྲུག་སྐབས་འགྲོ་བ་མིའི་ཐོབ་ཐང་འགལ་འཛོལ་ཕྱིན་པའི་གནས་ཚུལ་གང་མང་མང་ཞིག་ཚུད་ཐུབ་པ་བྱུང་ཡོད་སྐོར་འགྲེལ་བརྗོད་གནང་འདུག།