༸གོང་ས་མཆོག་ལ་ཆེ་མཐོང་ཕྱག་འཁྱེར་འབུལ་བཞེས་མཛད།
2010.05.19
༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འགྲོ་བའི་རིན་ཐང་གཙིགས་ཆེར་འཛིན་ཏེ་གོང་འཕེལ་གཏོང་ཐབས་ཀྱི་མཛད་འཕྲིན་ལ་ཨ་རིའི་ཨ་ཡོ་ལྦ་གཙུག་ལག་སློབ་གྲ་ཆེན་མོས་ཡིད་རངས་བསྔགས་བརྗོད་དང་བཅས་ཆེ་མཐོང་ཕྱག་འཁྱེར་འབུལ་བཞེས་གནང་འདུག
༧གོང་ས་མཆོག་གིས་གཙིགས་ཆེར་འཛིན་པའི་བྱམས་པ་དང་སྙིང་རྗེ། བཟོད་པ་བཅས་འགྲོ་བ་མིའི་རིན་ཐང་གོང་འཕེལ་གཏོང་ཐབས་སུ་འཛམ་གླིང་ཡུལ་གྲུ་དུ་མར་བཀའ་སློབ་ཟབ་མོ་བསྩལ་དང་སྩོལ་བཞིན་པའི་རླབས་ཆེན་མཛད་འཕྲིན་ལ་ཆེས་མཐོའི་གཙུག་ལག་སློབ་གྲ་ཆེན་མོས་ཕྱག་འཁྱེར་འབུལ་ལམ་ཞུས་ཏེ་ངོས་འཛིན་གནང་བ་ཞིག་ཡིན་པ་རེད།
དེ་ཡང་གཙུག་ལག་སློབ་གྲའི་རྒྱུན་ལས་ཚོགས་གཙོ་གཞོན་པ་གོལོ་རི་ཡ་ཇེ་གིབ་སོན་གྱིས་༧གོང་ས་མཆོག་ངོ་སྤྲོད་གསུང་བཤད་ནང་། ༧གོང་ས་མཆོག་གིས་འདས་པའི་དུས་ཡུན་རིང་རྒྱལ་ཁབ་༦༢ ལ་ཆིབས་སྒྱུར་བསྐྱངས་ནས་དབུ་ཁྲིད་མི་སྣ་ཁག་མཇལ་འཕྲད་དང་མི་མང་ལ་བཀའ་སློབ་ཟབ་མོ་བསྩལ་ཡོད་པ་མ་ཟད། ད་བར་གཟེངས་རྟགས་འདྲ་མིན་གྲངས་བརྒྱད་ཅུ་གྱ་བཞི་དང་། དེབ་གྲངས་བདུན་ཅུ་དོན་གཉིས་ཙམ་རྩོམ་བྲིས་གནང་བའི་མཛད་པའི་སྐོར་ཚིག་ཉུང་དོན་བསྡུས་ནང་ངོ་སྤྲོད་གནང་འདུག
དེའི་སྔ་དྲོ་༧གོང་ས་མཆོག་གིས་འཚེ་མེད་ཞི་བའི་ཤེས་ཡོན་སྦྱོང་བདར་བྱེད་ཕྱོགས་དང་འབྲེལ་བའི་བགྲོ་གླེང་གི་ཚོགས་མགོན་དུ་བཞུགས་ཤིང་། འགྲོ་བ་མིའི་རྒྱུད་ལ་བཟང་སྤྱོད་འཇགས་ཐབས་དང་། མི་སྒེར་སོ་སོའི་སེམས་དུལ་ན། ཁྱིམ་ཚང་དང་སྤྱི་ཚོགས། རྒྱལ་ཁབ་བཅས་ནང་ཞི་དུལ་དང་ཞི་བདེ་འགྲུབ་ནུས་པ་སོགས་ཀྱི་ཟབ་ཞི་སྤྲོས་བྲལ་གྱི་བཀའ་སློབ་བསྩལ་གནང་མཛད་འདུག