ཨ་རི་དང་རྒྱ་ནག་གི་མཐོ་རིམ་དཔོན་རིགས་བར་པེ་ཅིང་དུ་གྲོས་མོལ་ཡག་པོ་བྱུང་ལུགས་བསྒྲགས་འདུག
རེས་གཟའ་ཉི་མའི་ཉིན་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་ཤར་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་སྡེ་ཚན་གྱི་དྲུང་ཆེ་ལས་རོགས་(Daniel Kritenbrink)་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཕེབས་ཏེ། རྒྱ་ནག་གི་ཕྱི་སྲིད་ལས་ཁུངས་ཀྱི་བློན་ཆེན་གཞོན་པ་(Ma Zhaouxu)་དང་ལྷན་མཇལ་འཕྲད་གྲོས་མོལ་གནང་ཡོད་པ་རེད། གྲོས་མོལ་གྱི་རྗེས་སུ་ཕྱོགས་གཉིས་ཀས་གསར་འགོད་བསྒྲགས་གཏམ་བརྒྱུད། ཐེངས་འདིའི་གྲོས་མོལ་དེ་བཞིན་སྦ་གསང་མེད་པར་ཁ་གསལ་གཏིང་གསལ་དང་གྲུབ་འབྲས་ལྡན་པ་ཞིག་བྱུང་ཡོད་ལུགས་འགྲེལ་བརྗོད་བྱས་ཡོད་པ་རེད། འོན་ཀྱང་གནད་དོན་དབྱེ་ཞིབ་པ་ཁག་གིས། སྤྱིར་ད་རེས་ཀྱི་གྲོས་མོལ་ལམ་ལྷོང་བྱུང་ཡོད་རུང་། ཡིད་གཟབ་མ་བྱས་ཚེ་འབྲེལ་བ་ཇེ་སྡུག་ཏུ་འགྲོ་རྒྱུའི་ཉེན་ཁ་མུ་མཐུད་དུ་ཡོད་པ་གཟིགས་ཀྱི་ཡོད་འདུག དཔེར་ན། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་དཔོན་རིགས་(Kritenbrik)་རྒྱ་ནག་ཏུ་མ་འབྱོར་སྔོན་རེས་གཟའ་སྤེན་པའི་ཉིན། ཐེ་ཝན་མཚོ་འགག་ཏུ་རྒྱ་ནག་གི་དམག་གྲུ་ཞིག་ཨ་རིའི་དམག་གྲུ་ཞིག་གི་ཉེ་འཁྲིས་སུ་སླེབས་ནས་གདོང་ཐུག་བྱུང་ཉེན་གྱི་གནས་སྟངས་བཟོས་ཡོད་པ་དང་། བདུན་ཕྲག་སྔོན་མ་ཨ་རིའི་རྒྱལ་སྲུང་དྲུང་ཆེ་(Llyod Austin)་གྱིས་རྒྱ་ནག་གི་བདེ་སྲུང་བློན་ཆེན་དང་གྲོས་མོལ་ཡོངས་ཐབས་བྱས་ཀྱང་ཡ་ལན་གང་ཡང་མ་སྤྲད་པའི་གནད་དོན་སོགས་མུ་མཐུད་དུ་བྱུང་བཞིན་ཡོད་པ་བཀོད་འདུག
གང་ལྟར་ཡང་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱིས་སྤེལ་བའི་གསར་འགོད་གསལ་བསྒྲགས་ནང་། ད་ཐེངས་ཀྱི་གྲོས་མོལ་སྐབས་ཕྱོགས་ཕན་ཚུན་བར་གྱི་འབྲེལ་བ་ཡར་རྒྱས་གཏོང་ཐབས་སུ། མི་མཐུན་པའི་གནད་དོན་རིགས་ལ་དོ་སྙོམས་ཀྱིས་སེལ་ཐབས་སུ་སྦ་གསང་མེད་པར་བཀའ་མོལ་ལྷུག་པོ་དང་ཞལ་སང་པོ་བྱུང་ཡོད་ལུགས་དང་། ཕྱོགས་གཉིས་ཀའི་ངོས་ནས་འབྲེལ་གཏུགས་ཀྱི་སྒོ་མོ་མུ་མཐུད་དུ་ཕྱེ་རྒྱུའི་མོས་མཐུན་བྱུང་ཡོད་པ་བཀོད་འདུག
རེས་གཟའ་ཟླ་བའི་ཉིན་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་ཀྱང་ཐེངས་འདིའི་གྲོས་མོལ་ལྷུག་པོ་དང་གྲུབ་འབྲས་ལྡན་པ་ཞིག་བྱུང་བ་མ་ཟད། ཕན་ཚུན་གྱི་མཐོ་རིམ་མི་སྣའི་བར་འབྲེལ་བ་མུ་མཐུད་མདུན་སྐྱོད་བྱ་རྒྱུའི་མོས་མཐུན་བྱུང་ཡོད་པ་བསྒྲགས་འདུག
གནས་ཚུལ་ལྟར་ན། རྒྱ་ནག་གཞུང་གིས་ཐེ་ཝན་ལ་སྡིགས་ར་སྐུལ་བའི་བྱ་སྤྱོད་སྤེལ་བཞིན་པའི་གནད་དོན་དང་། དེ་བཞིན་ལྷོ་རྒྱ་ནག་རྒྱ་མཚོའི་ཁུལ་དུ་རྒྱ་བསྐྱེད་རིང་ལུགས་ཀྱི་སྲིད་ཇུས་ལག་བསྟར་བྱེད་པའི་གནད་དོན་སོགས་ཀྱི་རྐྱེན་པས། ཨ་རྒྱ་གཉིས་ཀྱི་འབྲེལ་བ་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པའི་གནས་སྟངས་འོག ཉེ་དུས་ཨ་རིའི་སྲིད་འཛིན་(Biden)་མཆོག་གིས་རྒྱ་ནག་དང་འབྲེལ་བ་ཟབ་ཏུ་གཏོང་རྒྱུའི་ཐབས་ཇུས་འཛིན་བཞིན་ཡོད་ནའང་ཨ་རིའི་སྲིད་འཛིན་གྱི་སྲིད་ཇུས་ལ་དགག་པ་བྱ་མཁན་ཚོས་འདས་པའི་ལོ་ངོ་བཅུ་གྲངས་མང་པོའི་རིང་། ཨ་རི་གཞུང་གིས་རྒྱ་ནག་ལ་བསྟུན་མཁས་ཀྱི་སྲིད་ཇུས་བཟུང་ཡང་། རྒྱ་ནག་གི་བྱེད་སྟངས་ལ་བཟང་ཕྱོགས་ཀྱི་འགྱུར་བ་ཕྱིན་པའི་རྣམ་པ་གང་ཡང་མཐོང་རྒྱུ་མེད་སྟབས། དེ་འདྲའི་མཐུན་ཐབས་ཀྱི་སྲིད་ཇུས་འཛིན་རྒྱུར་ཡིད་ཟབ་བྱེད་དགོས་པ་བརྗོད་ཀྱི་ཡོད་འདུག
གསར་འགོད་པ། དོན་གྲུབ་རྣམ་རྒྱལ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།