ཨ་རིས་རྒྱ་ནག་ལ་བརྡ་ལན།
2013.03.19

༄༅། །ཕྱི་ཟླ་གསུམ་པའི་ཚེས་༡༨ ཉིན་ཨ་མི་རི་ཀའི་གྲོས་ཚོགས་གོང་འོག་གཉིས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གི་ཉམས་ཞིབ་ཁང་གི་ཚོགས་གཙོ་ཚོགས་གཞོན་གཉིས་ཀྱིས་གསལ་བསྒྲགས་ཤིག་སྤེལ་ཏེ། བོད་ནང་དུ་རྒྱ་ནག་གཞུང་གི་དྲག་གནོན་གྱི་སྲིད་ཇུས་ལ་མི་བཟོད་པར་འུ་ཐུག་ཐབས་ཟད་ཀྱིས་རང་ལུས་མེ་སྲེག་གཏོང་བའི་ཛ་དྲག་གི་གནས་སྟངས་ལ་བློ་འཚབ་ཆེན་པོ་ཡོད་པ་དང༌། རྒྱ་ནག་གཞུང་གིས་བོད་མིའི་ཐོག་འཛིན་བཞིན་པའི་གདུག་རྩུབ་ཅན་གྱི་སྲིད་ཇུས་འཕྲལ་དུ་མཚམས་འཇོག་བྱེད་དགོས་པའི་སྐོར་བྲིས་གནང་ཡོད་པ་རེད།
དེ་ཡང་ཚོགས་གཙོ་སྐུ་ཞབས་Sherrod Brown ཡིས། ཁོང་གི་ངོས་ནས་བོད་ནང་དུ་རང་ལུས་མེར་སྲེག་གཏོང་བའི་གནས་སྟངས་མཚམས་འཇོག་ཡོང་བའི་ཐུགས་རེ་གནང་གི་ཡོད། རྒྱ་ནག་གཞུང་གིས་མུ་མཐུད་བོད་ནང་དུ་གདུག་རྩུབ་ཅན་གྱི་སྲིད་ཇུས་ལག་བསྟར་བྱས་ན། བོད་ནང་བརྟན་ལྷིང་རྩ་བ་ནས་ཡོང་ཐབས་མེད། རྒྱ་ནག་གཞུང་གིས་བོད་མིའི་ཐོུང་མ་ཡིན་པའི་ཆོས་དང། རིག་གཞུང་། སྨྲ་བརྗོད་རང་དབང༌། འདུ་འཛོམས་ཀྱི་རང་དབང་ཐོག་ལ་དམ་བསྒྲགས་ཀྱི་སྲིད་ཇུས་ལག་བསྟར་བྱེད་བཞིན་པ་དེ་འཕྲལ་དུ་མཚམས་འཇོག་བྱས་ཏེ། བོད་ནང་གི་དཀའ་ངལ་དེ་ཕུགས་རྒྱང་རིང་པོར་སེལ་ཐབས་ཀྱི་ཆེད་དུ། ཆ་རྐྱེན་གང་ཡང་མ་བཏོན་པའི་ཐོག་ནས་༧གོང་ས་༧སྐྱབས་མགོན་ཏྰ་ལའི་བླ་མ་མཆོག་གམ། ཡང་ན་ཁོང་གི་སྐུ་ཚབ་ལྷན་དུ་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་གྲོས་མོལ་བསྐྱར་གསོ་བྱ་དགོས་པའི་སྐོར་གསུང་ཡོད་པ་རེད། ད་དུང་ཚོགས་གཞོན་སྐུ་ཞབས་Chris Smith ཡི་གསལ་བསྒྲགས་ནང་དུ། རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང༌། སྐད་ཡིག འཚོ་བའི་རྟེན་གཞིའི་ཐོག་ལ་ཁྲིམས་ལུགས་དང་མ་མཐུན་པའི་སྲིད་ཇུས་ལག་བསྟར་བྱས་པར་བརྟེན་ནས། ༢༠༠༨ ཟླ་༣ པ་དང་༤ པའི་ནང་བོད་ས་ཡོངས་སུ་རྒྱ་ནག་གཞུང་གི་ནོར་འཁྲུལ་ཅན་གྱི་སྲིད་ཇུས་ལ་ངོ་རྒོལ་གྱི་ལས་འགུལ་གཞི་རྒྱ་ཆེན་པོ་སྤེལ་བ་ནས་བཟུང་ད་བར་ངོ་ལོ་ལྔ་འཁོར་བཞིན་ཡོད་པའི་སྐོར་སོགས་གསལ་སྟོན་གནང་ཡོད་པ་རེད།།