ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་རྒྱ་གར་སྲིད་བློན་མོ་ངྷི་མཆོག་དང་མཇལ་འཕྲད་གནང་བ།

ཨ་མི་རི་ཀའི་མང་གཙོ་སྲིད་དོན་ཚོགས་པ་དང་སྤྱི་མཐུན་སྲིད་དོན་ཚོགས་པ་གཉིས་ཀའི་གྲོས་ཚོགས་འོག་མའི་འཐུས་མི་བདུན་ལས་གྲུབ་པ། ཨ་རིའི་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་ཞིག་བཞུགས་སྒར་དུ་ཆེད་ཕེབས་ཀྱིས། སྤྱི་ཟླ་ ༦ པའི་ཚེས་ ༡༩ ཉིན་བཞུགས་སྒར་ཕོ་བྲང་དུ་བོད་མིའི་དབུ་ཁྲིད་༧གོང་ས་མཆོག་ལ་མཇལ་བཅར་ཞུས་པ་མ་ཟད། ཉེ་ལམ་ཨ་མི་རི་ཀའི་གྲོས་ཚོགས་ནང་བོད་རྒྱའི་རྩོད་རྙོག་སེལ་བར་སྐུལ་འདེད་ཀྱི་ཁྲིམས་འཆར་གཏན་འབེབས་གནང་བའི་ཡིག་ཆ་སྤྱན་འབུལ་ཀྱང་ཞུས་ཡོད་ཅིང་། ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་འཐུས་མི་མེ་ཀོལ་མུ་ཀལ་ལགས་ནས་སྣེ་ཁྲིད་གནང་བའི་གྲོས་ཚོགས་འཐུས་མིའི་ཚོགས་ཆུང་ནང་། ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་ལྕམ་ནན་སི་ཕི་ལོ་སི་མཆོག་ཀྱང་ཆེད་ཕེབས་གནང་ཡོད་པ་རྣམས། སྤྱི་ཟླ་ ༦ པའི་ཚེས་ ༢༠ ཉིན་རྒྱ་གར་རྒྱལ་ས་ལྡི་ལི་རུ་རྒྱ་གར་གྱི་སྲིད་བློན་མོ་ངྷི་མཆོག་དང། ཡང་རྒྱ་གར་ཕྱི་སྲིད་བློན་ཆེན་ཇེའེ་ཤིང་ཀར་ལགས་སུ་སྤྱི་ཚེས་ ༡༩ ཉིན་མཇལ་འཕྲད་གནང་ཡོད་པར་བརྟེན། ཕྱི་སྲིད་བློན་ཆེན་ཁོང་གི་སྤྱི་ཚོགས་དྲ་ལམ་ (X) ངོས་སུ། ཨ་མི་རི་ཀའི་ཆབ་སྲིད་ཚོགས་པ་གཉིས་ཀའི་འཐུས་མིས་གྲུབ་པའི་ཚོགས་ཆུང་དེར་མཇལ་བར་དགའ་སྤྲོ་དང་། ཁོང་རྣམ་པས་རྒྱ་གར་དང་ཨ་མི་རི་ཀའི་འཐབ་ཇུས་ཀྱི་གྲོགས་པོའི་འབྲེལ་བར་མུ་མཐུད་རྒྱབ་སྐྱོར་ཤུགས་ཆེ་གནང་བར་ཡི་རང་ཆེན་པོ་ཡོད་པ་འཁོད་ཡོད་ཅིང་།
རྒྱ་གར་གྱི་ (Observer Research Foundation) རྟོག་དཔྱོད་དང་ཞིབ་འཇུག་ཐེབས་རྩ་ཁང་གི་རྒྱལ་སྤྱིའི་སྲིད་དོན་ཉམས་ཞིབ་པ་ Manoj Joshi ལགས་ནས། ཨ་རིའི་གྲོས་ཚོགས་འཐུས་མིའི་ཚོགས་ཆུང་དེ་རྒྱ་གར་སྲིད་བློན་མོ་ངྷི་མཆོག་དང་མཇལ་འཕྲད་གནང་བ་དེས། རྒྱ་གར་གྱིས་མུ་མཐུད་༧གོང་ས་མཆོག་དང་བོད་དོན་ལ་རྒྱབ་སྐྱོར་ཡོད་པར་མཚོན་ཐུབ་ཞེས་འགྲེལ་བརྗོད་གནང་གི་འདུག
ཁོང་གིས་རྒྱ་གར་རྒྱལ་ས་ལྡི་ལི་རུ་ཨ་མི་རི་ཀའི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་དེ། རྒྱ་གར་སྲིད་བློན་མོ་ངྷི་མཆོག་དང་མཇལ་འཕྲད་གནང་བ་ཧ་ཅང་གནད་འགག་ཆགས་ཡོད་པ་དང་། མཇལ་འཕྲད་སྐོར་གནས་ཚུལ་ཞིབ་ཕྲ་མ་ཐོན་པ་ནི་དཀའ་ངལ་ཅིག་རེད་དེ། གང་ལྟར་སྲིད་བློན་མཆོག་མཇལ་འཕྲད་གནང་བ་ཙམ་གྱིས་གལ་ཆེན་པོ་དང་། རྣམ་འགྱུར་དེས་རྒྱ་གར་གཞུང་གིས་མུ་མཐུད་༧གོང་ས་མཆོག་དང་བོད་དོན་ལ་རྒྱབ་སྐྱོར་གནང་གི་ཡོད་པ་མཚོན་ཐུབ་ཞེས་འགྲེལ་བརྗོད་གནང་གི་འདུག་པ་མ་ཟད། ཨ་རིའི་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་དེ་༧གོང་ས་མཆོག་ལ་ཆེད་དུ་མཇལ་བར་ཕེབས་པ་དེས། ཨ་མི་རི་ཀས་བོད་དོན་རྒྱབ་སྐྱོར་ཤུགས་ཆེ་ཡོད་པར་བསྟན་ཡོད་ཅེས་ངོ་སྤྲོད་གནང་གི་འདུག
ཨ་མི་རི་ཀའི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་དེ་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་ལྕམ་ནན་སི་ཕི་ལོ་སི་ལགས་དང་། གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་མེཡེ་ཀོལ་མུ་ཀལ་ལགས་ནས་སྣེ་ཁྲིད་དེ་༧གོང་ས་མཆོག་དང་མཇལ་བ་ནི་ཧ་ཅང་གནད་འགག་ཆེན་པོ་རེད། ཚོགས་ཆུང་དེ་ནི་ཆབ་སྲིད་ཚོགས་པ་གཉིས་ཀས་གྲུབ་པའི་ཚོགས་ཆུང་ཞིག་ཡིན་པས། མཇལ་འཕྲད་དེས་ཨ་མི་རི་ཀས་བོད་དོན་རྒྱབ་སྐྱོར་ཤུགས་ཆེ་ཡོད་པའི་རྣམ་པ་མཚོན་ཐུབ་པ་འགྲེལ་བརྗོད་གནང་སོང་།
ཨ་མི་རི་ཀའི་གྲོས་ཚོགས་སུ་གཏན་འབེབས་ཀྱི་བོད་རྒྱའི་རྩོད་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་འཆར་དེའི་ནང་། བོད་མི་རིགས་ལ་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཡོད་པར་འཁོད་ཡོད་པ་མ་ཟད། གང་མགྱོགས་ཨ་མི་རི་ཀའི་སྲིད་འཛིན་གྱིས་དེ་ལ་མཚན་རྟགས་བཀོད་ཕྱིན་ཆད། རང་བཞིན་གྱིས་ལག་ལེན་བསྟར་དགོས་པའི་ཁྲིམས་ལུགས་ཆགས་ཀྱི་ཡོད་པར་བརྟེན། རྒྱ་ནག་གཞུང་གི་མགྲིན་ཚབ་པས་དེ་ལ་དགག་པ་ཧ་ཅང་ཤུགས་ཆེ་བརྒྱབ་ཡོད་པ་རེད།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། བསྟན་འཛིན་པདྨ།
དྲྭ་ཐོག་རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།