འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ལྷན་ཚོགས་ཐོག་ཐེ་ཝན་ཞུགས་རྒྱུ་སོགས་ཀྱི་གནད་དོན་ཐོག་གྲོས་མོལ་གནང་ཡོད་པ།
རྒྱ་ནག་གིས་ངོ་རྒོལ་བྱས་པའི་འོག་ ཐེ་ཝན་རྒྱལ་སྤྱིའི་ཚོགས་སྡེ་ཁག་གི་ནང་མཉམ་བཞུགས་བྱ་རྒྱུར་འགོག་རྐྱེན་ཤུགས་ཆེ་འཕྲད་ཀྱི་ཡོད་པ་དང་། རྒྱ་ནག་གཞུང་གིས་ཐེ་ཝན་དེ་བཞིན་རྒྱ་ནག་གི་ཆ་ཤས་ཞིང་ཆེན་ཞིག་ལ་ངོས་འཛིན་ལས་རྒྱལ་ཁབ་ཡིན་པའི་ངོས་ལེན་བྱེད་ཀྱི་མེད་སྟབས་རྒྱལ་སྤྱིའི་ལས་དོན་ཁག་ནང་མཉམ་བཞུགས་བྱ་རྒྱུར་རྒྱ་ནག་གིས་འགག་ཆ་ཆེན་པོ་བྱེད་བཞིན་ཡོད་པ་རེད། ལྷག་པར་དུ་འཛམ་གླིང་ཁྱོན་ཡོངས་སུ་ཏོག་དབྱིབས་རིམས་ནད་ཁྱབ་གདལ་འགོག་ཐབས་འབད་རྩོན་བྱེད་པའི་སྐབས་དེར་ཐེ་ཝན་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ལས་དོན་ཁག་ནང་རྒྱ་ནག་གིས་མཉམ་བཞུགས་བྱ་མི་བཅུག་པར་ཐེ་ཝན་ཕྱོགས་ནས་སྐྱོན་བརྗོད་ཤུགས་ཆེ་བྱེད་བཞིན་ཡོད་པ་རེད། ཨ་རིའི་ཕྱི་སྲིད་ལས་ཁང་གིས་གཟའ་པ་སངས་ཉིན་གསལ་བསྒྲགས་ཤིག་ཕྱིར་བསྒྲགས་གནང་ཡོད་པའི་ནང་། རྒྱལ་སྤྱིའི་ཚོགས་པའི་ལས་ཁང་གི་ཐུགས་འགན་བཞེས་ཀྱི་ཡོད་པའི་ཨ་རིའི་ཕྱི་སྲིད་ལས་ཁང་གི་དྲུང་ཆེ་གཞོན་པའི་གྲས་ Michele J. Sison དང་ཐེ་ཝན་གྱི་ཨ་རིའི་ནང་གི་སྐུ་ཚབས་ Hsiao Bi-Khim སོགས་ཕྱོགས་གཉིས་ཀྱི་དཔོན་རིགས་མཐོ་གྲས་དབར་ཨ་རིའི་ནང་ཐུགས་འཕྲད་ཀྱིས་གྲོས་མོལ་གནང་ཡོད་པ་རེད་། ད་རེས་ཕྱོགས་གཉིས་ཀྱི་དཔོན་རིགས་དབར་གྱི་གྲོས་མོལ་དེའི་ནང་གལ་འགངས་ཆེ་ཤོས་ཤིག་ནི་ད་ལོ་ཕྱི་ཟླ་ལྔ་པའི་ནང་ཚོགས་རྒྱུའི་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ལྷན་ཚོགས་ཐོག་ཐེ་ཝན་ཟུར་ཉན་པའི་གནས་བབས་འོག་མཉམ་བཞུགས་བྱ་རྒྱུའི་གནད་དོན་དང་། དེ་བཞིན་ཐེ་ཝན་རྒྱལ་སྤྱིའི་སྤྱི་དམངས་མཁའ་འགྲུལ་སྒྲིག་འཛུགས་ནང་མཉམ་བཞུགས་སོགས་ཀྱི་གནད་དོན་ཐོག་གྲོས་མོལ་གནང་ཡོད་འདུག ཕྱི་ལོ་༢༠༠༩ནས་༢༠༡༦ལོའི་སྐབས་སུ་ཐེ་ཝན་དང་རྒྱ་ནག་དབར་གྱི་འབྲེལ་ལམ་དེ་ཙམ་སྡུག་པོ་མེད་པའི་གནས་སྟངས་འོག་ཐེ་ཝན་ཟུར་ཉན་པའི་མིང་ཐོག་ནས་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ལྷན་ཚོགས་སུ་མཉམ་བཞུགས་བྱ་ཐུབ་ཡོད་ཅིང་། ཡིན་ནའང་ཐེ་ཝན་གྱི་སྲིད་དབང་དམངས་གཙོ་ཡར་མཐོན་ཚོགས་པའི་འོས་མི་ལྕམ་ཚད་དབྱིང་འོན་ལ་ཐོབ་པའི་རྗེས་རྒྱ་ནག་གིས་ཐེ་ཝན་གཞུང་གིས་ཐེ་ཝན་རང་དབང་ཕྱོགས་སུ་བསྐྱོད་ཀྱི་ཡོད་ལུགས་ཀྱི་སྐྱོན་བཙུགས་བྱས་ནས་ཐེ་ཝན་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ལྷན་ཚོགས་ནང་མཉམ་བཞུགས་བྱ་རྒྱུར་འགོག་རྐྱེན་བཟོ་བཞིན་ཡོད་པ་རེད། ཐེ་ཝན་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ནང་མཉམ་བཞུགས་བྱ་རྒྱུར་བཟོ་ལས་ཡར་མཐོན་ཅན་གྱི་རྒྱལ་ཁབ་བདུན་གྱིས་ཀྱང་ཤུགས་ཆེའི་རྒྱབ་སྐྱོར་གནང་གི་ཡོད་ན་ཡང་། རྒྱ་ནག་དང་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ཐེ་ཝན་ལ་ཏོག་དབྱིབས་རིམས་ནད་ཀྱི་གནས་ཚུལ་རྩད་གཅོད་དང་འབྲེལ་བའི་མཉམ་བཞུགས་ལས་དོན་གང་ཙམ་ཐུབ་ཀྱི་ཡོད་ལུགས་བཤད་ནས་ཐེ་ཝན་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ལས་དོན་ཁག་ནང་མཉམ་བཞུགས་བྱ་རྒྱུར་མུ་མཐུད་འགོག་རྐྱེན་བཟོ་བཞིན་ཡོད་པ་རེད།
གསར་འགོད་པ། འཆིད་མེད་ལྷུན་གྲུབ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།