རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཨ་རིའི་སྲིད་འཛིན་འོས་མི་ཚོར་བོད་ཐོག་ལངས་ཕྱོགས་ཁ་གསལ་འདོན་དགོས་པའི་འབོད་སྐུལ་ཞུས་འདུག

ཕྱི་ལོ་ ༢༠༢༤ ཟླ་ ༡༡ ཚེས་ ༥ ཉིན་ཨ་རིའི་སྲིད་འཛིན་གྱི་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་ཉིན་མོ་འཁེལ་གྱི་ཡོད་པ་དང་། ཨ་རིའི་ནང་རྒྱལ་ཡོངས་སུ་སྲིད་འཛིན་གྱི་འོས་བསྡུའི་ལས་དོན་གཉེར་གྱི་ཡོད་པའི་དུས་ཚོད་དང་བསྟུན་ཏེ་ཕྱི་ཟླ་ ༩ ཚེས་ ༡༧ ཉིན་ཨ་མི་རི་ཀའི་རྒྱལ་ས་ཝ་ཤིང་ཊོན་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་སྤྱི་བསྒྲགས་ཞིག་སྤེལ་ཡོད་པའི་ནང་དོན་ལྟར་ན། ཉེ་ལམ་ཕྱི་ཟླ་ ༨ པའི་ནང་། ཨ་རིའི་སྲིད་འཛིན་འོས་མི་སྤྱི་མཐུན་ཚོགས་པའི་འཐུས་མི་སྲིད་འཛིན་ཟུར་པ་ ཌོ་ནལཌི་ ཊམྤ་ (Donald Trump) ལགས་དང་། མང་གཙོ་ཚོགས་པའི་འོས་མི་ལས་ཐོག་སྲིད་འཛིན་གཞོན་པ་ ཀམ་ལ་ ཧེ་རིསི་(Kamala Harris) ལགས་གཉིས་དང་ཁོང་རྣམ་གཉིས་ཀྱི་ཕྱག་སྦྲེལ་སྲིད་འཛིན་གཞོན་པའི་འོས་མི་བཅས་བཞི་ལ་ཞུ་སྙན་ཞིག་ཕུལ་ཡོད་པ་དང་། དེའི་ནང་། ཐོག་མར་རྣམ་པ་ཚོ་རང་ཉིད་ཀྱི་ཚོགས་པས་འོས་མིར་བདམས་ཐོན་བྱུང་བར་འཚམས་འདྲི་ཞུ་བཞིན་ཡོད། ཨ་རིའི་རྒྱལ་ཡོངས་སུ་ང་ཚོའི་ཚོགས་མི་ ༥༠༠༠༠ ཙམ་ཡོད་པ་དེ་དག་གིས་ཤེས་འདོད་དང་དོ་སྣང་ཆེན་པོ་བྱེད་རྒྱུའི་གནད་དོན་ནི། གལ་སྲིད་སྲིད་འཛིན་དུ་སུ་ཞིག་བདམས་ཐོན་བྱུང་ནས་ཕོ་བྲང་དཀར་པོའི་ནང་ཕེབས་ཐུབ་པ་ཡིན་ན། རྒྱ་ནག་དང་མཉམ་གདོང་ལེན་བྱེད་དགོས་པའི་གནད་དོན་མང་དག་ཅིག་ཡོང་རྒྱུའི་ཁོངས་སུ་རྒྱ་ནག་དམར་ཤོག་སྲིད་གཞུང་གིས་བོད་ནང་གི་བོད་མི་ཚོའི་ཐོག་འགྲོ་བ་མིའི་ཐོབ་ཐང་དང་འགལ་བའི་སྲིད་བྱུས་ལག་བསྟར་བྱེད་བཞིན་པའི་ཐོག་ལའང་ལངས་ཕྱོགས་ག་འདྲ་ཞིག་འཛིན་གནང་རྒྱུ་ཡིན་ནམ་ཞེས་བཀའ་དྲི་གནང་འདུག
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཞུ་སྙན་ཕུལ་བ་དེའི་ནང་ད་དུང་། ཨ་རིའི་ཆབ་སྲིད་ཚོགས་པ་སུ་འདྲ་ཞིག་གཞུང་འཛིན་དུ་འོས་འདེམས་བྱུང་ཡང་འདས་པའི་ལོ་རྒྱུས་ནང་ཚང་མས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧ཏཱ་ལའི་བླ་མ་མཆོག་དང་མཇལ་འཕྲད་ཞུས་པ་དང་། བོད་ནང་གི་དངོས་ཡོད་གནས་སྟངས་མཁྱེན་རྟོགས་ཡོད་པའི་ཐོག་ནས་སྔ་རྗེས་སུ་བོད་ཐོག་རྒྱབ་སྐྱོར་གནང་པ་ཙམ་མ་ཡིན་པར། བོད་དོན་ལ་རྒྱབ་སྐྱོར་གྱི་གྲོས་ཆོད་དང་ཁྲིམས་ཡིག་གཏན་འབེབས་རིམ་པར་གནང་ཡོད་པ་སོགས་ལུང་འདྲེན་གནང་པ་དང་ཆབས་ཅིག དེ་སྔའི་འོས་བསྡུའི་སྐབས་སུའང་འོས་མི་བཞེངས་མཁན་གྲོས་ཚོགས་འཐུས་མི་ མརྐོ་ རུ་སྦི་ཡོ་ (Marco Rubio) ལགས་དང་། ད་ལྟའི་སྲིད་འཛིན་ འཇོ་སྦཡེཌན་ (Joe Biden) མཆོག་རྣམ་གཉིས་ཀྱིས་བོད་དོན་རྒྱབ་སྐྱོར་གནང་རྒྱུའི་བཀའ་བཞེས་གནང་བ་སོགས་ལུང་འདྲེན་གནང་འདུག་ལ། ཕྱོགས་མཚུངས་འདས་པའི་ལོ་ངོ་བཅུ་ཕྲག་གཅིག་ལྷག་ཙམ་གི་རིང་། བོད་དོན་དཀའ་རྙོག་སེལ་ཐབས་སུ་རྒྱ་ནག་དང་བོད་མིའི་སྐུ་ཚབ་བར་གྲོས་མོལ་བར་མཚམས་བཞག་པ་དེ་སླར་གསོ་ཡོང་ཐབས་སུ་གནོན་ཤུགས་སྤྲོད་ཐབས་བཅས་པའི་ཐོག་ལའང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་མི་ཚོར་བློ་འཚབ་ཆེན་པོ་ཡོད་ཅེས་ཞུས་ཏེ་གོང་ཞུས་དོན་ཚན་ཁག་ལ་ཐུགས་ཞིབ་ཀྱིས་ལངས་ཕྱོགས་འཛིན་སྟངས་ཀྱི་འཆར་གཞི་ཇི་ཡོད་ཐད་བཀའ་ལན་ཡོང་བའི་འབོད་སྐུལ་གནང་ཡོད་ལུགས་བཀོད་འདུག
གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།