ཨ་རིའི་ཐད་འཕུར་གནམ་གྲུ་ཞིག་བལ་ཡུལ་ནས་གར་སོང་ཆ་མེད།
2015.05.13
བལ་ཡུལ་ནང་གི་ས་ཡོམ་གྱི་གནོད་ཐེབས་ས་ཁུལ་ལ་རོགས་སྐྱོར་ལས་དོན་སྤེལ་བཞིན་པའི་ཨ་རིའི་ཐད་འཕུར་གནམ་གྲུ་ཞིག་བོར་བརླག་སོང་བ།
དེ་ཡང་ཟླ་༥བའི་ཚེས༡༢ཉིན་བལ་ཡུལ་ནང་སླར་ཡང་ས་ཡོམ་ཆེན་པོ་ཞིག་བརྒྱབ་པའི་རྗེས་མི་བརྒྱད་ཡོད་པའི་ཨ་མི་རི་ཀའི་སྐམ་མཚོ་གཉིས་སྤྱོད་དཔུང་དམག་གི་ཐད་འཕུར་གནམ་གྲུ་ཞིག་བལ་ཡུལ་ས་ཐོག་ནས་གར་སོང་མེད་པར་གྱུར་ཡོད་པ་དང་། དེ་བལ་ཡུལ་གྱི་དམག་མི་བརྒྱ་ཕྲག་འགའ་ཤས་ཀྱིས་དེ་རིང་འཚོལ་ཞིབ་བྱེད་བཞིན་པ་རེད། ཉེ་ལམ་ཕྱི་ཟླ་༤ཚེས་༢༥ཉིན་བལ་ཡུལ་ནང་རྒྱབ་པའི་ས་ཡོམ་གྱི་གོད་ཆག་ཆེན་པོ་ཕོག་སའི་Dolakhaས་གནས་སུ་ཨ་རིའི་ཐད་འཕུར་གནམ་གྲུ་དེས་གཟའ་མིག་དམར་ཉིན་སྐྱོབ་གསོའི་དངོས་རྫས་མཁོ་སྤྲོད་ཆེད་འཕུར་བསྐྱོད་བྱས་རྗེས་བོར་བརླག་ཕྱིན་ཡོད་པ་དང་། གནམ་གྲུ་དེའི་ནང་ཨ་རིའི་དམག་མི་དྲུག་དང་། བལ་པོའི་དམག་མི་གཉིས་ཡོད་པ་རེད།
གོང་ཞུས་གནམ་གྲུའི་ནང་སྣུམ་གྱི་དཀའ་ངལ་འཕྲད་པའི་སྐད་ཆ་བཤད་པ་བརྡ་ཆས་ཐོག་གོ་ཐོས་བྱུང་རྗེས་གནམ་གྲུ་དང་འབྲེལ་བ་ཆད་འདུག བལ་ཡུལ་དམག་དོན་དཔོན་རིགས་ཤིག་གིས་ཨ་རིའི་གནམ་གྲུ་དེ་བཞིན་ཕལ་ཆེར་རྒྱལ་ས་ཀཐ་མན་ཀྲོའི་ཤར་ངོས་Dolakha རྫོང་གི་རོང་ཤུར་དུ་རྒྱུག་བཞིན་པའི་གཙང་པོའི་ནང་ལྷུང་ཡོད་སྲིད་པའི་སྐོར་འགྲེལ་བརྗོད་གནང་འདུག དམག་དཔོན་Rajan Dahalགིས་རུཡེ་ཊར་གསར་ལས་ཁང་ལ་ང་ཚོས་གནས་ཚུལ་གོ་ཐོས་བྱུང་ཡག་ལ་གནམ་གྲུ་དེ་གཙང་པོ་ཞིག་ནང་ལྷུང་འདུག འོན་ཀྱང་འཚོལ་ཞིབ་བྱེད་མཁན་བལ་ཡུལ་གྱི་གནམ་གྲུའི་གྲས་ནས་གཅིག་གིས་ད་བར་མིག་མཐོང་བྱུང་མི་འདུག་ཅེས་དང། བལ་ཡུལ་གྱི་རྐང་དམག་དཔུང་སྡེ་བཞི་བརྒྱ་ལྷག་གིས་འཚོལ་ཞིབ་བྱེད་བཞིན་ཡོད་སྐོར་གསུངས་འདུག
བལ་ཡུལ་ནང་སྲིད་ལྷན་ཁང་གི་དཔོན་རིགས་Laxmi Prasad Dhalགིས་བོར་བརླག་ཕྱིན་པའི་གནམ་གྲུ་གར་སོང་ད་ལྟ་རྩད་གཅོད་ཐུབ་མེད་ནའང། དེ་དག་འཚོལ་ཞིབ་ཐོག་མི་མང་པོ་ཞིག་དེར་མགོ་འཁོར་ནས་ས་ཡོམ་གྱི་གོད་ཆག་ཕོག་པའི་མང་ཚོགས་མྱུར་སྐྱོབ་རོགས་རམ་གྱི་ལས་དོན་ཐད་འགོག་རྐྱེན་བཟོ་བཞིན་ཡོད་སྐོར་འགྲེལ་བརྗོད་གནང་འདུག
གསར་འགོད་པ་རིག་ལྡན་སྒྲོལ་མ།