ཨ་རིའི་གྲོས་ཚོགས་ནང་༧གོང་ས་མཆོག་ལ་ཆེ་བསྟོད་ཀྱི་གྲོས་འཆར།


2015.06.26
༧གོང་ས་མཆོག་ཨ་རིའི་གྲོས་ཚོགས་ཁང་གི་མདུན། 2007/10/18 ༧གོང་ས་མཆོག་ཨ་རིའི་གྲོས་ཚོགས་ཁང་གི་མདུན། 2007/10/18
པར། ICT

༧གོང་ས་མཆོག་ལ་ཆེ་བསྟོད་ཞུ་ཆེད་དང་རྒྱ་ནག་གཞུང་གི་སྲིད་ཇུས་ལ་སྐྱོན་བརྗོད་སྐོར་ཨ་རིའི་གྲོས་ཚོགས་འོག་མའི་ནང་གྲོས་གཞི་གྲོས་འཆར་ངོ་སྤྲོད།
དེ་ཡང་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཆེ་བསྟོད་ཞུ་ཆེད་དང་། ཆབས་ཅིག་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་སྐྱོན་བརྗོད་སྐོར་ཨ་རིའི་གྲོས་ཚོགས་འོག་མའི་ནང་གྲོས་གཞི་གྲོས་འཆར་ངོ་སྤྲོད་ཞུས་ཡོད་པ་དང་། དེ་ནི་ཁ་ས་ཚེས་༢༥ཉིན། ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་དམངས་གཙོ་ཚོགས་ཚོགས་པའི་ཚོགས་མི་སྐུ་ཞབས་Eliot Angelདང་། ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་ལས་དོན་ཚོགས་ཆུང་གི་ཚོགས་མི་སྐུ་ཞབས་Matt Salmonགྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གི་ཚོགས་མི་སྐུ་ཞབས་Joseph Pitts དེ་བཞིན་ཨ་རིའི་Massachusettsམངའ་སྡེའི་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་James McGovern སོགས་གཙོ་བོར་གྱུར་བའི་གྲོས་ཚོགས་ཀྱི་འཐུས་མི་༢༨ཀྱིས་༧སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་༨༠ཕེབས་པའི་སྐུའི་གྱ་སྟོན་དང་སྟབས་བསྟུན་སྟེ་ ༧གོང་ས་མཆོག་གི་འཛམ་གླིང་ཐོག་བཟོད་བསྲན་དང་། གོ་རྟོགས་སྤེལ་རེས། ཆོས་ལུགས་མཐུན་འབྲེལ་གོང་འཕེལ་ལ་སོགས་པའི་མཛད་རྗེས་ལ་རྗེས་སུ་ཡི་རང་དང་ཆེ་བསྟོད་ཀྱི་ངོས་འཛིན་ཞུ་སླད། གྲོས་ཚོགས་ནང་གྲོས་གཞི་གྲོས་འཆར་ཞིག་བཏོན་གནང་ཡོད་པ་རེད། གྲོས་འཆར་ངོ་སྤྲོད་ཞུ་མཁན་སྐུ་ཞབས་Eliot Angelམཆོག་གིས། གྲོས་འཆར་གྱི་ནང་དོན་སྐོར་གསར་འགོད་གསལ་བསྒྲགས་གནང་པའི་ནང་། བོད་ཀྱི་སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་འཛམ་གླིང་ཐོག་ཆོས་ལུགས་མཐུན་འབྲེལ་དང་ཆོས་ལུགས་ཕན་ཚུན་དབར་གུས་བརྩི་གོང་འཕེལ་ཡོངས་ཐབས་སུ་འགན་ཁུར་ཆེ་བཞེས་གནང་བཞིན་པ་དང་། དེ་བཞིན་བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་འཁྲིད་ཀྱི་ཆ་ནས་བོད་ཙམ་མིན་པར་མི་རིགས་ཚང་མས་རང་སོ་སོའི་ཆོས་དང་རིག་གཞུང་སྐད་ཡིག་བཅས་པར་བདག་གཅེས་སྲུང་སྐྱོབ་བྱ་གལ་ཆེ་བའི་སྐོར་རླབས་ཆེན་གྱི་མིག་དཔེ་བཞག་གནང་ཡོད་པ། ༧གོང་ས་མཆོག་གིས་བོད་ཀྱི་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ཀྱི་མཛད་རྗེས་དང་། བོད་མིའི་སྤྱི་ཚོགས་ནང་དམངས་གཙོ་ལམ་སྲོལ་དར་སྤེལ་མཛད་པ། དེ་བཞིན་འཚེ་མེད་ཞི་བའི་ལམ་ནས་རྩོད་རྙོག་སེལ་ཐབས་གནང་བཞིན་པའི་མཛད་རྗེས་བཅས་ལ་ཆེ་བསྟོད་ཀྱི་ངོས་འཛིན་ཞུ་གི་ཡོད་པ་གསལ་འདོན་གནང་འདུག
གཞན་ཡང་ཨ་རིའི་གྲོས་ཚོགས་ནང་ངོ་སྤྲོད་ཞུས་པའི་གྲོས་གཞི་གྲོས་འཆར་འདིའི་ནང་། བོད་ཀྱི་བླ་སྤྲུལ་ངོས་འཛིན་ཞུ་རྒྱུའི་ཆོས་ཕྱོགས་ཀྱི་སྲོལ་རྒྱུན་ནང་། རྒྱ་ནག་གཞུང་ནས་ཐེ་བྱུས་བྱེད་སྟངས་གཙོས་པའི་བོད་མིའི་ཆོས་དད་རང་དབང་ལ་དམ་བསྒྲགས་བྱེད་བཞིན་པའི་གནས་སྟངས་ལ་བློ་འཚབ་དང་། ཨ་རིའི་གཞུང་འབྲེལ་མི་སྣ་དང་། ཕྱི་རྒྱལ་གསར་འགོད་པ་ཚོས་བོད་ནང་དངོས་ཡོད་གནས་སྟངས་ལ་རྟོགས་ཞིབ་ཀྱི་སྐོར་སྐྱོད་བྱེད་པར་རྒྱ་ནག་གཞུང་ནས་བཀག་འགོག་བྱེད་པའི་གནས་སྟངས། ལྷག་པར་དུ་༢༠༡༠ནས་བཟུང་༧གོང་ས་ཏཱ་ལའི་བླ་མའི་སྐུ་ཚབ་དང་། རྒྱ་ནག་གཞུང་དབར་འབྲེལ་མོལ་བར་མཚམས་ཆད་པར་སོང་དོན་དམ་གྱི་འབྲེལ་མོལ་སྐྱར་གསོ་ཡོང་སླད་ཨ་རི་གཞུང་ནས་གོ་སྐབས་ནམ་བྱུང་རྒྱ་ནག་གཞུང་ལ་སྐུལ་མ་གནང་དགོས་པ་སོགས་གསལ་ཡོད་འདུག

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎