ཨ་རི་དང་དབྱིན་ཇིའི་གྲོས་ཚོཊ་ནང་བསྟན་འཛིན་བདེ་ལེཊ་གླེང་བ།


2015.07.15
ཨ་རིའི་གྲོས་ཚོགས་ནང་བོད་དོན་ཉན་ཞིབ་གནང་བཞིན་པ། ༢༠༡༥།༧།༡༤ ཨ་རིའི་གྲོས་ཚོགས་ནང་བོད་དོན་ཉན་ཞིབ་གནང་བཞིན་པ། ༢༠༡༥།༧།༡༤
ཀླུ་འབུམ/RFA

ཨ་རི་དང་དབྱིན་ཇིའི་གྲོས་ཚོགས་ཀྱིས་རྒྱ་ནག་ལ་སྤྲུལ་སྐུ་བསྟན་འཛིན་བདེ་ལེཊ་དམ་པ་དེའི་སྐུ་ཕུང་ནང་མིར་རྩིས་སྤྲོད་དགོས་འདུན་བཏོན་ཡོད་པ།
དེ་ཡང་ཁ་ས་ཚེས་༡༤ཉིན་གཟའ་མིག་དམར་ཉིན་ཨ་རིའི་གྲོས་ཚོགས་འོག་མའི་Tom Lantos འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་ནང་། བོད་ནང་གི་གནས་སྟངས་སྐོར་ཉན་ཞིབ་ཚོགས་འདུ་ཞིག་གནང་སྐབས། གྲོས་ཚོགས་འཐུས་མི་རྣམས་ཀྱིས་བོད་ཀྱི་ཆབ་སྲིད་བཙོན་པ་གྲགས་ཅན་ལི་ཐང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་རྒྱ་མིའི་བཙོན་ཁང་ནང་དགོངས་པ་རྫོགས་པར་ཐུགས་ཕམ་ཆེན་པོ་བྱུང་བ་དང་། རྒྱ་ནག་ལ་མི་འདོད་པའི་དགོངས་ཚུལ་དྲག་པོ་བཏོན་གནང་བ་མ་ཟད། དམ་པ་ཁོང་ལ་མྱ་ངན་གུས་བཏུད་ཆེད་ངག་བཅད་སྐར་མ་གཅིག་རིང་གནང་བ་དང་། ཨ་རིའི་གྲོས་ཚོགས་འཐུས་མི་རྣམས་ནས་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ཁག་ལ་ཨ་མེ་རི་ཀས་སྐྱོན་བརྗོད་བྱས་ན་ཡང་རྒྱ་གཞུང་གིས་གྲངས་ཉུང་མི་རིགས་ཐོག་དྲག་གནོན་བྱེད་མུས་ཁག་མཚམས་འཇོག་བྱེད་ཀྱི་མེད་པས་ན་ཨ་རིས་རྒྱ་ནག་ཐོག་སྲིད་ཇུས་མཁྲེགས་པོ་འཛིན་དགོས་པའི་འབོད་སྐུལ་ཞུས་པ་མ་ཟད། རྒྱ་གཞུང་གིས་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དམ་པ་དེའི་སྐུ་ཕུང་ནང་མིར་རྩིས་སྤྲོད་ཞུས་ནས་བོད་བརྒྱུད་ནང་བསྟན་ལྟར་སྐུ་ཕུང་ཞུགས་འབུལ་སོགས་བྱེད་འཇུག་དགོས་པའི་དགོས་འདུན་ཡང་བཏོན་གནང་འདུག
ཨ་རིའི་གྲོས་ཚོགས་འོག་མའི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གི་ཚོགས་གཙོ་McGovern མཆོག་གིས། རྒྱ་གཞུང་གི་བསམ་པར་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་པ་ཡིན་ན་བོད་ཀྱི་གནད་དོན་ཡལ་འགྲོ་རྒྱུའི་རྩིས་ནོར་པ་ཞིག་རྒྱབ་ཀྱི་ཡོད་རེད། ཡིན་ནའི་བོད་ཀྱི་གནད་དོན་མ་སེལ་གྱི་བར་དུ་ཨ་རིའི་གྲོས་ཚོགས་ཀྱིས་བོད་ཀྱི་གནད་དོན་བརྗེད་ཐབས་མེད་སྐོར་དོ་ནན་པོའི་ཐོག་ནས་གསུངས་ཏེ་གོང་ཞུས་བོད་ནང་གི་གནས་སྟངས་ཐད་ཉན་ཞིབ་ཚོགས་འདུ་དེ་བཞིན་དབུ་འཛུགས་གནང་འདུག ཟུང་འབྲེལ་ཚོགས་གཙོ་Joe Pittsམཆོག་ནས་ཀྱང་རྒྱ་གཞུང་གིས་བོད་མིའི་ཆོས་དད་རང་དབང་དང་འདུ་འཛོམས་རང་དབང་ བོད་ས་ནང་ཁུལ་དང་ཕྱི་རྒྱལ་ཁག་ལ་འགྲོ་བསྐྱོད་རང་དབང་སོགས་བོད་མིའི་སྤྱི་དམངས་ཀྱི་ཐོབ་ཐང་ལ་དམ་བསྒྲགས་བྱེད་མུས་ཁག་ལ་ཐུགས་འཚབ་ཧ་ཅང་ཆེན་པོ་ཡོད་སྐོར་གསུངས་འདུག
དེ་བཞིན་ཡང་དབྱིན་ཇིའི་གྲོས་ཚོགས་ནང་། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་རྒྱ་ནག་གི་བཙོན་ཁང་ནང་དགོངས་པ་རྫོགས་པ་འདི་ནི་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་རྣམ་འགྱུར་ངོ་མ་དེ་གསལ་པོར་སྟོན་པ་ཞིག་རེད་ཅེས་དབྱིན་ཇིའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་Fabian Hamilton ལགས་ཀྱིས་ཁོང་ཁྲོ་ཆེན་པོའི་ངང་གསུངས་བ་དང་། ད་དུང་ཁོང་གིས། རྒྱ་ནག་གཞུང་གིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་ལ་རྒྱལ་སྤྱིའི་ཁྲིམས་ལུགས་དང་མཐུན་པའི་ཐོག་ནས་ཁྲིམས་གཏུགས་བྱ་རྒྱུའི་རང་དབང་སྤྲད་མེད་པ་དང་། དེ་བཞིན་རྒྱལ་སྤྱིའི་མི་མང་གིས་ཁོང་གི་ཐོག་བློ་འཚབ་ཡོད་པ་དེར་རྒྱ་ནག་གིས་བདག་སྤྲོད་མ་བྱས་པ་དང་། མཐའ་ན་ཁོང་ལ་སྨན་བཅོས་ཀྱི་ཐོབ་ཐང་ཡང་མ་སྤྲད་པར་ད་ཆ་ཁོང་འདས་གྲོངས་སུ་ཕེབས་ཡོད་སྟབས། དེ་ནི་ཁོང་རྒྱ་ནག་གིས་བཀྲོངས་བ་ལྟར་རེད་ཅེས་གསལ་བསྒྲགས་གནང་འདུག
སྐུ་ཞབས་Hamiltonལགས་ཀྱིས། འདི་ལོའི་ཕྱི་ཟླ་༦ཚེས་༡༨ཉིན་དབྱིན་ཇིའི་གྲོས་ཚོགས་ནང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་སྐོར་གླེང་སློང་གནང་ཡོད་པ་དང་། དེ་སྔོན་ཕྱི་ལོ་༢༠༡༠ལོར་དབྱིན་ཡུལ་དུ་ཡོད་པའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་རིན་པོ་ཆེའི་གྱོད་ཞིབ་ཐད་ཛ་དྲག་གི་བསྐྱར་ཞིབ་གནང་དགོས་པའི་འབོད་སྐུལ་ཞུས་ཡོད་པ་རེད།
ད་དུང་ཁེ་ཎ་ཌའི་ཆོས་ལུགས་རང་དབང་གི་དམིགས་བསལ་སྐུ་ཚབ་Andrew Bennett ལགས་ཀྱིས་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། རིན་པོ་ཆེ་མཆོག་རྒྱ་ནག་གི་བཙོན་ཁང་ནང་འདས་གྲོངས་སུ་ཕྱིན་པའི་གནས་ཚུལ་གོ་བར་ཧ་ཅང་གི་བློ་ཕམ་ཆེན་པོ་བྱུང་། ངས་ཁོང་གི་ནང་མི་དང་། སྤྱི་ཚོགས་ལ་སེམས་གཏིང་ནས་ཐུགས་གསོ་ཞུ་གི་ཡོད། ངས་རྒྱ་ནག་གི་དབུ་ཁྲིད་ཚོར་གུས་བཀུར་ཆེན་པོའི་ངང་རེ་སྐུལ་ཞུ་རྒྱུར། རིན་པོ་ཆེ་མཆོག་གི་སྐུ་ཕུང་ཁོང་གི་ནང་མིར་རྩིས་སྤྲོད་གནང་སྟེ་ནང་པའི་སྲོལ་རྒྱུན་ལ་གུས་བརྩི་ཞུ་དགོས་པ་རེད་ཅེས་འབོད་སྐུལ་ཞུས་འདུག

གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ་དང་ཚེ་དབང་དངོས་གྲུབ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎