ཨ་མི་རི་ཀའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ Uzra Zeya མཆོག་གིས་བོད་མི་གཞོས་སྐྱེས་ཁག་ཅིག་དང་མཇལ་མོལ་གནང་པ།
ཨ་མི་རི་ཀའི་གཞུང་གི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ Uzra Zeya མཆོག་གིས་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་གྱི་བོད་མི་གཞོན་སྐྱེས་འགོ་འཁྲིད་ཀྱི་ལས་འཆར་ནང་ཞུགས་མཁན་བོད་མི་གཞོན་སྐྱེས་ཀྱི་འགོ་ཁྲིད་རྣམས་དང་ཕྱི་ཟླ་ ༦ ཚེས་ ༩ ཉིན་མཇལ་མོལ་གནང་སྟེ། ཁོང་གིས་བོད་མི་གཞོན་སྐྱེས་ཚོར་ཁོང་སྒེར་གྱི་མི་ཚེའི་ལོ་རྒྱུས་དང་། ཨ་རིའི་ཕྱི་སྲིད་ལས་ཁུངས་སུ་ཕྱག་ལས་གནང་པའི་ཐུགས་མྱོང་བ་ཁག དེ་བཞིན་ད་ལྟའི་བོད་དོན་དམིགས་བསལ་འབྲེལ་མཐུད་པའི་ཐུགས་འགན་བཞེས་པའི་བརྒྱུད་རིམ་དང་། བོད་ནང་གི་གནས་སྟངས། རྒྱ་ནག་གཞུང་དང་མཉམ་དུ་བོད་དོན་དཀའ་རྙོག་སེལ་ཐབས་ཀྱི་ཕྱག་ལས་ཇི་གནང་ཐད་ངོ་སྤྲོད་གནང་ཡོད་པ་རེད།
ཕྱི་ཚེས་ ༩ ཉིན་བོད་མི་གཞོན་སྐྱེས་རྣམས་དང་མཇལ་མོལ་གྲུབ་མཚམས། ཁོང་གིས་ Twitter དྲ་རྒྱའི་ཐོག བོད་མི་གཞོན་སྐྱེས་འགོ་འཁྲིད་ཀྱི་ལས་འཆར་ནང་ཞུགས་མཁན་སློབ་ཕྲུག་རྣམས་དང་མཇལ་མོལ་གནང་སྐབས་མ་འོངས་པར་དཀའ་ངལ་ཁག་ལ་གདོང་ལེན་གནང་ཕྱོགས་ཐོག་བཀའ་མོལ་ཧ་ཅང་གི་ལྷུག་པོ་བྱུང་ཡོད་པ་བཀོད་འདུག འདི་སྐོར་རྒྱལ་སྤྱིའི་བོད་དོན་ལས་འགུལ་གྱི་བོད་མི་གཞོན་སྐྱེས་འགོ་འཁྲིད་ཀྱི་ལས་འཆར་དེའི་ནང་ཞུགས་མཁན་ཨ་མི་རི་ཀའི་དབུས་ཕྱོགས་ Minnesota མངའ་ཁུལ་ནས་ཕེབས་པའི་གཞོན་སྐྱེས་ཀྱི་འགོ་ཁྲིད་བསྟན་འཛིན་ཆོས་བཟང་ལགས་ཀྱིས་ Uzra Zeya མཆོག་དང་མཇལ་འཕྲད་སྐབས་ཁོང་གིས་བོད་ནང་གི་གནས་སྟངས་སྐོར་དང་། རྒྱ་ནག་གཞུང་དང་མཉམ་འབྲེལ་བ་གནང་ཕྱོགས་བཅས་ཀྱི་སྐོར་གསུང་བྱུང་ཞེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
ཡང་ཨ་མི་རི་ཀའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་ཚོགས་མི་སྐུ་ཞབས་ Rashad Hussain མཆོག་གིས་ཀྱང་བོད་མི་གཞོན་སྐྱེས་འགོ་འཁྲིད་ཀྱི་ལས་འཆར་ནང་ཞུགས་མཁན་རྣམས་དང་ཕྱི་ཚེས་ ༩ ཉིན་མཇལ་འཕྲད་ཀྱིས་རྒྱལ་སྤྱིའི་ཆོས་དད་རང་དབང་དང་གནད་དོན་གཞན་མང་དག་ཅིག་གི་ཐོག་བཀའ་བསྡུར་བྱུང་ཡོད་པ་ཁོང་གིས་ Twitter བརྡ་འཕྲིན་ཐོག་བཀོད་གནང་འདུག་ལ། ཁོང་གིས་བོད་མི་གཞོན་སྐྱེས་འགོ་འཁྲིད་རྣམས་པར་ཡིད་སྨོན་སྐྱེས་པ་དང་ཁོང་རྣམས་པས་མ་འོངས་པར་ཕྱག་ལས་ཐོག་གྲུབ་འབྲས་ལེགས་པོ་ཡོང་བའི་ཐུགས་རེ་གནང་གི་ཡོད་པ་བཀོད་འདུག
གསར་འགོད་པ། ལྷུན་གྲུབ་ཚེ་རིང་།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།