ཛ་དྲག་གནས་སྟངས་ལ་ཐུཌ་ཚབས།
2013.02.16

༄༅༎ཨ་རི་གཞུང་གིས་བོད་ནང་རང་ལུས་མེར་བསྲེག་བཏང་དང་གཏོང་བཞིན་པར་ཐུགས་ཚབས་ཡོད་པ་དང༌། བོད་མི་ཚོས་རང་ལུས་མེར་བསྲེག་གཏོང་དགོས་པ་ནི་རྒྱ་ནག་གི་དམ་བསྒྲགས་སྲིད་བྱུས་ལ་བརྟེན་ནས་ཡིན་སྟབས། རྒྱ་ནག་གཞུང་གིས་བོད་ནང་འཛིན་བཞིན་པའི་སྲིད་བྱུས་ལ་འགྱུར་བ་གཏོང་དགོས་པའི་ནན་བརྗོད་བསྐྱར་དུ་གནང་འདུག
དེ་ཡང་འདི་ཚེས་ ༡༥ ཉིན་བསྐྱངས་པའི་གསར་འགོད་ལྷན་ཚོགས་ཤིག་གི་ཐོག ཨ་རིའི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་མ་ལྕམ་ Victoria Nuland ཡིས། བོད་ནང་བོད་མི་ཚོས་རང་ལུས་མེར་བསྲེག་གཏོང་གི་ཡོད་པའི་གནས་ཚུལ་མུ་མཐུན་ཐོན་བཞིན་པ་དེར་ང་ཚོར་བློ་ཚབས་ཆེན་པོ་ཡོང་གི་འདུག བོད་མི་ཚོའི་ནང་ད་དུང་འདི་འདྲ་བྱེད་རྒྱུའི་བསམ་བློ་ཡོད་པ་རྣམས་ལ་ བྱ་ཐབས་འདི་ཡིས་སོ་སོའི་བསམ་འདུན་ངོ་མ་ཕྱིར་སྟོན་བྱ་རྒྱུར་ཕན་ཐོགས་ཡོང་དང་མི་ཡོང་བསམ་བློ་ནན་གཏན་གཏོང་དགོས་པར་ང་ཚོས་འབོད་སྐུལ་བྱེད་ཀྱི་ཡོད་ཅེས་དང༌། ཡང་ཁོང་གིས་མུ་མཐུད་གསུངས་དོན་ལ་བོད་ནང་འབྱུང་བཞིན་པའི་དཀའ་རྙོག་དང༌། བོད་མི་ཚོས་འ་ཆད་འུ་ཐུག་གི་ངང་རང་ལུས་མེར་བསྲེག་གཏོང་བཞིན་པའི་རྐྱེན་རྩ་ནི། རྒྱ་ནག་གཞུང་གིས་བོད་ནང་འཛིན་བཞིན་པའི་སྲིད་བྱུས་ལ་ཐུག་གི་ཡོད་སྟབས། ང་ཚོས་དུས་དང་རྣམ་པ་ཀུན་ཏུ་འབོད་སྐུལ་བྱེད་བཞིན་པ་ལྟར། བོད་ནང་འཛིན་བཞིན་སྲིད་བྱུས་དེ་དག་ལ་རྒྱ་ནག་གཞུང་གིས་ངེས་པར་དུ་འགྱུར་བ་གཏོང་དགོས་ཞེས་ད་རིང་བསྐྱར་དུ་ནན་སྐུལ་ཞུ་རྒྱུ་ཡིན་ཞེས་གསུངས་འདུག།