ཨ་མི་རི་ཀའི་གྲོས་ཚོགས་གོང་མའི་ནང་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་རྒྱབ་སྐྱོར་ཁྲིམས་འཆར་བཏོན་འདུག

2022.12.20
ཨ་མི་རི་ཀའི་གྲོས་ཚོགས་གོང་མའི་ནང་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་རྒྱབ་སྐྱོར་ཁྲིམས་འཆར་བཏོན་འདུག ཨ་མི་རི་ཀའི་གྲོས་ཚོགས་གོང་མའི་ནང་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་རྒྱབ་སྐྱོར་ཁྲིམས་འཆར་བཏོན་མཁན་འཐུས་མི་ཚོ།
སྒྲིག་བཟོ། /AFP

འདི་ལོ་ཕྱི་ཟླ་༧པའི་ཚེས་༡༣ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ནང་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་རྒྱབ་སྐྱོར་ཁྲིམས་འཆར་བཏོན་རྗེས། ཕྱི་ཟླ་༡༢ཚེས་༢༠གཟའ་མིག་དམར་ཉིན་གྲོས་ཚོགས་གོང་མའི་མང་གཙོ་ཚོགས་པའི་འཐུས་མི་(Jeff Merkley)་དང་། གྲོས་ཚོགས་གོང་མའི་སྤྱི་མཐུན་ཚོགས་པའི་འཐུས་མི་(Todd Young) དེ་བཞིན་གྲོས་ཚོགས་གོང་མའི་མང་གཙོ་ཚོགས་པའི་འཐུས་མི་(Patrick Leahy)་བཅས་ཀྱིས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་རྒྱབ་སྐྱོར་ཁྲིམས་འཆར་བཏོན་ཡོད་པ་རེད།
ཁྲིམས་འཆར་འདོན་མཁན་སྐུ་ཞབས་(Merkley)་ལགས་ཀྱིས། ཁྲིམས་འཆར་དེ་བཏོན་དགོས་པའི་རྒྱུ་མཚན་གསུངས་པའི་ནང་། ཨ་རིའི་གཞུང་གི་ངོས་ནས་བོད་དང་རྒྱ་ནག་བར་གྱི་དཀའ་རྙོག་དེ་མུ་མཐུད་དུ་གནས་བཞིན་པའི་རང་བཞིན་ཞིག་ཏུ་ངོས་འཛིན་གནང་གི་ཡོད་པ་གསལ་པོར་མཚོན་པ་ཡིན་ལ། བོད་མི་ཚོར་རང་ཉིད་ཀྱི་སྲིད་དབང་གཞུང་འཛིན་ཇི་འདྲ་ཞིག་དགོས་མིན་འདམ་ག་བྱེད་པའི་ཐོབ་ཐང་ཡོད་དགོས་པ་ཡང་མཚོན་གྱི་ཡོད་པ་འགྲེལ་བརྗོད་གནང་འདུག ཁོང་གིས་ད་དུང་། ཁྲིམས་འཆར་འདིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་བརྡ་ལན་གསལ་པོ་ཞིག་སྤྲད་པ་མཚོན་ཐུབ་རྒྱུ་མ་ཟད། ང་ཚོའི་ངོས་ནས་བོད་ཀྱི་གནས་བབ་ཐག་གཅོད་འབྱུང་རྒྱུར་དོན་ཕན་སོན་པའི་ཞི་འགྲིག་ཞིག་དགོས་རྒྱུར་རེ་བ་བྱེད་ཀྱི་ཡོད། ད་བར་རྒྱ་ནག་གཞུང་གིས་བོད་ཐོག་བཟུང་བའི་སྲིད་བྱུས་ཀྱི་ཐོག་ནས་ང་ཚོའི་རེ་འདོད་བསྐོང་ཐུབ་པ་ཞིག་མེད་པ་གསལ་པོ་རེད་ཅེས་བརྗོད་འདུག
ཡང་ཁྲིམས་འཆར་འདོན་མཁན་གཞན་གྲོས་ཚོགས་ཀྱི་འཐུས་མི་(Ted Young)་ལགས་ཀྱིས། རྒྱ་ནག་དམར་པོའི་སྲིད་གཞུང་གིས་བོད་ནང་བཙན་འཛུལ་བྱེད་པ་དེ་ནི་རྒྱ་ནག་རང་ཉིད་ཀྱི་ཁེ་ཕན་སྒྲུབ་ཆེད་ཡིན་ཞིང་། ད་བར་གྱི་གྲོས་མོལ་ཁག་རྒྱ་ནག་རང་ཉིད་ཀྱི་འཛུབ་སྟོན་གང་བྱས་ལས་བྱུང་མེད་སྟབས། ཨ་རིའི་ངོས་ནས་བོད་དོན་སྲིད་བྱུས་ཀྱི་རྣམ་པ་གསལ་བཏོན་གྱིས་བོད་མི་རིགས་ཀྱི་རང་དབང་མདུན་བསྐྱོད་དང་། ༧གོང་ས་ཏཱ་ལའི་བླ་མཆོག་དང་རྒྱ་ནག་དམར་ཤོག་ཚོགས་པའི་བར་གྱི་འགལ་ཟླ་ཁག་སེལ་ཐུབ་རྒྱུར་སྨིན་པའི་གྲོས་མོལ་ཞིག་འབྱུང་ཐབས་དགོས་པ་ནན་བརྗོད་གནང་འདུག
གཞན་རིང་མིན་གྲོས་ཚོགས་གོང་མའི་འཐུས་མིའི་མཛད་འགན་ནས་བགྲེས་ཡོལ་དུ་ཕེབས་མཁན་ལོ་ངོ་བཅུ་ཕྲག་མང་པོའི་རིང་བོད་དོན་ཐད་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་སྐུ་ཞབས་ (Patrick Leahy)་མཆོག་གིས། ཁྲིམས་འཆར་འདིས་བོད་འདི་རྒྱ་ནག་གི་ཆ་ཤས་དུས་ནམ་ཡང་ཆགས་མྱོང་མེད་པ་བསྟན་པ་མ་ཟད། ཨ་མི་རི་ཀས་བོད་མི་རིགས་ཀྱི་རང་ཐག་རང་གཅོད་ཀྱི་ཐོབ་ཐང་འགན་སྲུང་ཐད་འགྱུར་བ་མེད་པའི་རྒྱབ་སྐྱོར་ཡོད་པ་མཚོན་པ་ཞིག་ཀྱང་ཡིན་པ་གསུངས་འདུག
ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀ་ནས་ཁྲིམས་འཆར་འདི་གཏན་འབེབས་བྱུང་ཚེ། རྒྱལ་ཁབ་ཀྱི་སྲིད་འཛིན་ནས་མཚན་རྟགས་སྐྱོན་དགོས་པ་དང་། དེ་ཉིན་ནས་ཁྲིམས་འཆར་འདི་ཨ་རིའི་རྒྱལ་ཁབ་ཀྱི་ལག་བསྟར་ཁྲིམས་ཡིག་ཏུ་འགྱུར་རྒྱུ་ཡིན་པ་རེད། འོན་ཀྱང་གྲོས་ཚོགས་གོང་འོག་གཉིས་ཀའི་ནང་ཁྲིམས་འཆར་འདིའི་ཐད་འོས་བསྡུ་ག་དུས་ཙམ་ཞིག་ཡོང་གི་ཡོད་མིན་ད་ལྟ་ཁ་གསལ་མེད་པ་རེད།
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཁྲིམས་འཆར་འདི་གྲོས་ཚོགས་གོང་མའི་ནང་བཏོན་པར་དགའ་བསུ་ཞུས་པ་དང་སྦྲགས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་བར་བརྒལ་གཙོ་འཛིན་བུ་ཆུང་ཚེ་རིང་ལགས་ཀྱིས། ཁྲིམས་འཆར་འདི་རྒྱ་ནག་ཐོག་ལ་གནོན་ཤུགས་འཕར་མ་ཞིག་ཆགས་རྒྱུ་ཡིན་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་ལ། ཁོང་གིས་ད་དུང་། ཁྲིམས་འཆར་འདིས་ཨ་རིའི་གཞུང་གི་བོད་དོན་ཁྲིམས་ཡིག་ཡོད་མུས་ཁག་གི་ཐོག་བོད་ཀྱི་དཀའ་རྙོག་འདི་ཇི་སྲིད་རྒྱ་ནག་གཞུང་གིས་གྲོས་མོལ་བརྒྱུད་མ་སེལ་གྱི་བར་ཨ་མི་རི་ཀའི་ངོས་ནས་བོད་ཀྱི་དཀའ་རྙོག་སེལ་མེད་པ་ངོས་འཛིན་བྱེད་རྒྱུ་སྲིད་བྱུས་ཀྱི་ལངས་ཕྱོགས་ཤིག་ཏུ་གྱུར་རྒྱུ་ཡིན་པས། མ་འོངས་བོད་ཀྱི་གནད་དོན་ཇི་སྲིད་དུ་མ་སེལ་བར་རྒྱ་ནག་གཞུང་གིས་ངང་སྒུག་བྱེད་གཞི་མེད་པར་གྱུར་བའི་བོད་ཀྱི་གནད་དོན་འདི་མ་སེལ་བར་ངོས་འཛིན་བྱེད་རྒྱུ་ཡིན་པས། འདིས་བོད་ནང་དང་། བཙན་བྱོལ་ནང་། རྒྱལ་སྤྱིའི་ཁྱོན་དུ་བོད་མིར་རྒྱབ་སྐྱོར་གྱི་བརྡ་ལན་ཞིག་སྤྲད་པ་རེད་ཅེས་གསུངས་བྱུང་།
ད་ལྟ་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀའི་ནང་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་རྒྱབ་སྐྱོར་ཁྲིམས་འཆར་བཏོན་ཐུབ་པ་བྱུང་པར་བོད་མིའི་སྒྲིག་འཛུགས་ཀྱིས་དགའ་བསུ་ཞུས་འདུག


གསར་འགོད་པ། བསྟན་འཛིན་བདེ་སྐྱིད། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚང་མ་མཐུན་སྒྲིལ་ཐོག་མཉམ་གནས་ཐུབ་རྒྱུ་དེ་མགོན་པོ་མཆོག་གི་ཐུགས་རེ་གཙོ་བོ་ཡིན་ཞེས་རྒྱ་རིགས་ཚན་རིག་པ་ཚོར་བཀའ་སྩལ་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎