ཨ་རིས་བོད་རང་སྐྱོང་ལྗོངས་ཟེར་བའི་དཔོན་རིགས་གཉིས་ལ་ཉེས་ཆད་བཅད་པར་རྒྱ་ནག་གིས་སྐྱོན་བརྗོད་བྱས་འདུག

2022.12.12
ཨ་རིས་བོད་རང་སྐྱོང་ལྗོངས་ཟེར་བའི་དཔོན་རིགས་གཉིས་ལ་ཉེས་ཆད་བཅད་པར་རྒྱ་ནག་གིས་སྐྱོན་བརྗོད་བྱས་འདུག བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་དྲུང་ཆེ་ཟུར་པ་ཝུའུ་དབྱིན་ཅེ་(Wu Yingjie)་དང་ཉེན་རྟོག་སྤྱི་ཁྱབ་ཀྲང་ཧོང་པའོ་(Zhang Hongbo)་གཉིས།
སྒྲིག་བཟོ།/RFA

དེ་ཡང་རོའུ་ཊར་གསར་འགྱུར་བརྒྱུད་ལམ་གྱིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་ནོར་སྲིད་ལྷན་ཁང་གིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་དང་བསྟུན་འཛམ་གླིང་གི་རྒྱལ་ཁབ་ ༩ ཡི་དཔོན་རིགས་༤༠ཡི་མིང་བཏོན་ནས་ཉེས་ཆད་བཀལ་བའི་ཁྲོད་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་དྲུང་ཆེ་ཟུར་པ་ཝུའུ་དབྱིན་ཅེ་(Wu Yingjie)་དང་ཉེན་རྟོག་སྤྱི་ཁྱབ་ཀྲང་ཧོང་པའོ་(Zhang Hongbo)་ཟེར་བ་གཉིས་ཡོད་པར། དེའི་ཐད་རྒྱ་ནག་ཕྱི་སྲིད་ལས་ཁང་གི་དཔོན་རིགས་ནས་ཨ་རིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་བཏང་ལུགས་ཀྱི་གནད་དོན་ཐོག་ནས་རྒྱ་ནག་གི་དཔོན་རིགས་གཉིས་ལ་ཉེས་ཆད་བཀལ་བ་ནི་ཁྲིམས་འགལ་ཡིན་ལུགས་དང་། དེའི་རྐྱེན་པས་རྒྱ་ནག་དང་ཨ་རིའི་བར་གྱི་འབྲེལ་ལམ་ལ་ཚབས་ཆེའི་ཉེན་ཁ་བཟོས་ལུགས་བཤད་ཡོད་འདུག
རྒྱ་ནག་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་པ་ཝང་ཝུན་པེན་(Wang Wenbin)་གིས་གསར་འགོད་ལྷན་ཚོགས་ཐོག ཨ་རིའི་བྱ་སྤྱོད་དེ་རིགས་ནི་རྒྱ་ནག་གི་ནང་སྲིད་ལ་ཚབས་ཆེའི་ཐེ་བྱུས་བྱས་པ་ཞིག་ཡིན་ལུགས་དང་། རྒྱལ་སྤྱིའི་འབྲེལ་ལམ་གྱི་གཞི་རྩའི་སྒྲོམ་གཞི་དང་ཡང་ཡོངས་སུ་འགལ་ལུགས་བཤད་ནས། ཨ་རི་གཞུང་གིས་ཉེས་ཆད་དེ་རིགས་འཕྲལ་དུ་ཕྱིར་འཐེན་བྱ་དགོས་པའི་འབོད་སྐུལ་ཞུས་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་རང་ཉིད་ཀྱི་ཁྲིམས་མཐུན་ཐོབ་ཐང་ལ་སྲུང་སྐྱོབ་བྱ་རྒྱུ་དང་། ཨ་རིས་རྒྱལ་ཁབ་གཞན་གྱི་དཔོན་རིགས་ལ་ཉེས་ཆད་འགེལ་རྒྱུའི་ཐོབ་ཐང་གང་ཡང་མེད་ལུགས་བཤད་ཡོད་འདུག
ཨ་རིས་ཉེས་ཆད་བཀལ་བའི་བོད་རང་སྐྱོང་ལྗོངས་ཟེར་བའི་དཔོན་རིགས་ཟུར་པ་ཝུའུ་དབྱིན་ཅེ་(Wu Yingjie)་ནི་༢༠༡༦ནས་༢༠༢༡བར་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་ཚོགས་པའི་དྲུང་ཆེ་ཡིན་པ་དང་། ཀྲང་ཧོང་པའོ་(Zhang Hongbo)་ཡིས་ ༢༠༡༨ནས་ཉེན་རྟོག་ལས་ཁང་གི་སྤྱི་ཁྱབ་པའི་འགན་འཁུར་ཡོད། ཝུའུ་ཡིས་བརྟན་ལྷིང་ཟེར་བའི་སྲིད་བྱུས་འོག་ནས་ཁྲིམས་ལུགས་ལས་བརྒལ་ནས་བོད་མི་དམར་བསད་བཏང་པ། སྡུག་སྦྱོང་མནར་གཅོད་བཏང་པ། གང་བྱུང་འཛིན་བཟུང་བྱས་པ། མི་མང་འབོར་ཆེན་འཛིན་བཟུང་བཀག་ཉར་བྱས་པ་བཅས་ཀྱི་ཉེས་པ་བསག་ཡོད་པ་ཨ་རིའི་ནོར་སྲིད་ལྷན་ཁང་གིས་གསལ་བསྒྲགས་ནང་གསལ་ཡོད་པ་མ་ཟད། བཙན་དབང་གི་ཐོག་ནས་བེུད་ཀྱི་སྐྱེ་སྒོ་བཀག་པ་དང་། མངལ་ནས་ཕྲུ་གུ་བཏོན་པ། ཆོས་ཕྱོགས་དང་ཆབ་སྲིད་ཀྱི་རང་དབང་ལ་དམ་དྲག་བྱས་པ། བཙོན་པར་མནར་གཅོད་བཏང་བ་བཅས་རྒྱུ་མཚན་དུ་དྲངས་ནས་ཨ་རིའི་ནོར་སྲིད་ལྷན་ཁང་གིས་ཨ་རིའི་ནང་ཡོད་པའི་ཁོང་གཉིས་ཀྱི་རྒྱུ་དངོས་དང་། དངུལ་སྤྲོད་ལེན་བྱས་ཡོད་པ་ཡོངས་རྫོགས་ནག་ཉེས་ཀྱི་ངོ་བོའི་ཐོག་ནས་བཀག་བསྡོམས་བྱས་བ་བསྒྲགས་འདུག


གསར་འགོད་པ། འཆི་མེད།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎