ཨ་རིའི་ཕྱི་སྲིད་དྲུང་ཆེ་ལྷོ་ཞི་བདེ་རྒྱ་མཚོར་འཚམས་གཟིགས།
2012.08.30
༄༅། །ལྷོ་ཞི་བདེའི་རྒྱ་མཚོའི་ཁུལ་དུ་རྒྱ་ནག་གིས་རང་གི་ཤུགས་རྐྱེན་ཇེ་ཆེར་གཏོང་བཞིན་པར་ཁ་གཏད་གཅོག་ཕྱིར་ཨ་རིའི་ཕྱི་སྲིད་དྲུང་ཆེ་ལྕམ་Hillary Clinton མཆོག་གིས་སང་ཉིན་ཕྱི་ཚེས་༣༡་ཉིན་ཨ་རིའི་གཞུང་འཛིན་སྐུ་ཚབ་འཐུས་མི་ཁག་ཅིག་སྣེ་འཁྲིད་གནང་སྟེ་Cook གླིང་ཕྲན་ནང་འཚོགས་རྒྱུའི་Pacific Islands Forum འམ་ཞི་བདེ་རྒྱ་མཚོའི་གླིང་ཕྲན་ཁག་གི་ཚོགས་འདུར་ཕེབས་འཆར་ཡོད་པ་རེད། ཚོགས་འདུ་དེའི་ནང་ནིའུ་ཛི་ལེན་གྲའི་ཤར་ཕྱོགས་ཀྱི་རྒྱ་མཚོ་ཆེན་པོའི་ནང་ཁྱབ་པའི་རྒྱལ་ཁབ་ཆུང་རྩག་མི་འདྲ་བ་༡༦་ཡོད་པ་རྣམས་ལྷན་བཞུགས་གནང་འཆར་ཡོད་པ་རེད།
ལྕམ་Clinton མཆོག་གིས་ཨིན་གྲོ་ནེ་ཤི་ཡ་དང་Brunei, ཤར་ཏི་མུར་ རྒྱ་ནག་བཅས་སུ་ཡང་གཟིཌ་སྐོར་གནང་འཆར་ཡོད་པ་དང་། སྐབས་དེར་ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་གླིང་ཕྲན་གྱི་བདག་དབང་རྩོད་རྙོག་ཐད་འབྲེལ་ཡོད་ཁག་དང་བཀའ་བསྡུར་གནང་འཆར་ཡོད་ཅིང་། ལྷོ་རྒྱ་མཚོའི་ནང་གི་གླིང་ཕྲན་ཁག་གི་བདག་དབང་ཐད་རྒྱ་ནག་དང་ཁྱིམ་མཚེས་རྒྱལ་ཁབ་ཁག་གིས་འགྲན་རྩོད་ཆེན་པོ་བྱེད་བཞིན་ཡོད་སྟབས་དེ་ནི་ཨེ་ཤི་ཡའི་ནང་དམག་འཁྲུག་ཡོང་གཞིའི་རྐྱེན་རྩ་ཆེན་པོ་ཞིག་ཆགས་ཉེན་ཡོད་པ་རེད།
ཨ་མེ་རི་ཀའི་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་ལྕམ་Victoria Nuland ཡིས་ཨ་མེ་རི་ཀས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དང་ས་གནས་གང་ལ་ཡིན་རུང་་རྩོད་རྙོག་ཁག་ཞེད་སྣང་འཇིགས་སྐུལ་དང་དྲག་ཤུགས་སྒོ་ནས་སེལ་འདོད་མེད། རྩོད་རྙོག་དེ་དག་ཞི་བའི་གྲོས་མོལ་ལམ་ནས་སེལ་འདོད་ཡོད་ཅེས་དང་། ཡང་རྒྱ་ནག་གཞུང་གིས་དྲག་པོའི་དམག་རྒྱ་བསྐྱེད་གཏོང་བཞིན་པ་དེའི་སྐོར་ཨ་རིས་ཕྱི་གསལ་ནང་གསལ་དགོས་པའི་དགོས་འདུན་བཏོན་གྱི་ཡོད་ལུགས་ཀྱང་གསུངས་ཡོད་པའི་གནས་ཚུལ་འདུག