ཨ་རིའི་ནང་གཏན་སྡོད་ཆོག་པའི་ཡིག་ཆ་གནང་རྒྱུ།
2012.08.17
༄༅། །ཨ་མི་རི་ཀའི་ནང་གཏན་སྡོད་ཆོག་པའི་ཁྲིམས་མཐུན་ཡིག་ཆ་མེད་པའི་མི་མང་ས་ཡ་༡༡་ལྷག་ཡོད་པ་ཚོད་དཔག་གནང་གི་ཡོད་ཅིང་། ད་རེས་ཀྱི་ཁྲིམས་གཞི་འདི་ནི་ རང་ཉིད་ཆུང་དུས་ཕ་མ་སྤུན་མཆེད་སོགས་ཀྱིས་ཨ་མི་རི་ཀའི་ནང་ཁྲིད་ཡོང་བའི་རྗེས་ ཨ་མི་རི་ཀའི་ནང་འཚར་ལོངས་བྱུང་སྟེ། ཨ་མི་རི་ཀའི་རྒྱལ་ཁབ་འདི་རང་གི་རྒྱལ་ཁབ་ལྟ་བུ་འགྱུར་བ་ཚོ་ཨ་རི་ནས་ཕྱིར་འབུད་མི་ཡོང་བའི་ཉེན་སྐྱོབ་ཁྲིམས་གཞི་ཕྱག་བསྟར་གནང་བ་ཞིག་ཡིན་པ་དང་། ད་རེས་ཁྲིམས་གཞི་འདི་ཡིས་ཨ་རིའི་ནང་འཚར་ལོངས་བྱུང་བ་གང་ཞིག་ཁྲིམས་མཐུན་ཡིག་ཆ་མེད་པའི་ན་གཞོན་ས་ཡ་གཅིག་དང་ཕྱེད་ཀ་ལྷག་ཙམ་ལ་ཁེ་ཕན་ཡོང་རྒྱུའི་ཚོད་དཔག་གནང་གི་ཡོད་པ་རེད། ཁྲིམས་གཞི་འདིའི་ཁེ་ཕན་བླང་རྒྱུའི་ཆེད་ད་བར་ཁྲིམས་མཐུན་ཡིག་ཆ་མེད་པའི་ན་གཞོན་སྟོང་ཕྲག་མང་པོས་ད་ཆ་དངོས་སུ་ཐོན་ནས་གཞུང་ལ་དེབ་བཀོད་བྱེད་བཞིན་ཡོད་པ་རེད།
ཨ་མི་རི་ཀའི་ནང་གཏན་སྡོད་ཆོག་པའི་ཁྲིམས་མཐུན་ཡིག་ཆ་མེད་པའི་མི་མང་གི་འདུན་ལམ་ཐག་གཅོད་གནང་རྒྱུ་འདི་ཆབ་སྲིད་ཀྱི་རྩོད་གཞི་ཆེན་པོ་ཞིག་ཡིན་པ་དང་། ད་ལྟ་ཕྱོགས་འགལ་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་ མིཀྲ་རོམ་ནི་སོགས་ཀྱིས་ ད་རེས་སྲིད་འཛིན་ཨོ་སྦ་མས་ ཕྱག་ལེན་གནང་བའི་སྲིད་བྱུས་འདི་གཙོ་བོ། འདི་ལོའི་ལོ་མཇུག་གི་སྲིད་འཛིན་འོས་བསྡུའི་ནང་ སྲིད་འཛིན་ཨོ་སྦ་མ་རང་ཉིད་ལ་འབྲེལ་ཡོད་མང་ཚོགས་ནས་རྒྱབ་སྐྱོར་ཐོབ་ཐབས་ཀྱི་འབད་བཙོན་ཞིག་ཡིན་པའི་ སྐྱོན་བརྗོད་གནང་གི་ཡོད་པ་རེད།།