ཨ་རིས་རྒྱ་ནག་ལ་བོད་ཀྱི་དཀའ་ངལ་སེལ་དགོས་པའི་ནན་བརྗོད།
2013.02.08
༄༅། །རྒྱ་ནག་གཞུང་ཕྱོགས་ནས་བོད་ནང་དུ་རང་ལུས་མེར་སྲེག་གཏོང་བའི་རྐྱེན་རྩ་གཙོ་བ་གང་ལ་ཐུག་ཡོད་པ་དེའི་དཀའ་ངལ་སེལ་ཐབས་ཀྱི་འདུན་པ་ཡོད་པའི་རྣམ་འགྱུར་གང་ཡང་བཏོན་མེད་པས་མ་ཟད། དེ་ལས་ལྡོག་ཏེ་རྒྱ་ནག་གཞུང་གིས་བོད་ཤར་ཕྱོགས་ཁུལ་གྱི་བོད་མིའི་ཐོག་བསྐྱར་དུ་དམ་བསྒྲགས་དང་དྲག་གནོན་བྱས་ཏེ། བོད་མི་བདུན་ཅུ་འཛིན་བཟུང་བྱས་ཡོད་པར་བརྟེན། ཁ་སང་ཕྱི་ཟླ་གཉིས་པའི་ཚེས་༧ རེས་གཟའ་ཕུར་བུའི་ཉིན་ཨ་མི་རི་ཀའི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ལྕམ་ཝིཀ་ཊོ་རི་ཡ་ ནུ་ལེནཌ་Victoria Nuland ཡིས་བོད་ཀྱི་དཀའ་ངལ་སེལ་དགོས་པའི་ནན་བརྗོད་གནང་འདུག
དེ་ཡང་ཁོང་གིས་གསུངས་ཡག་ལ། ང་ཚོ་ཨ་རིའི་ཕྱོགས་ནས་རང་ལུས་མེར་སྲེག་གཏང་ཡུལ་བོད་ཀྱི་ས་ཁུལ་གཙོས་པའི་བོད་ས་ཡོངས་སུ་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་འགྲོ་བའི་གནས་སྟངས་ལ་ཧ་ཅང་གི་བློ་འཚབ་ཆེན་པོ་ཡོད། ལྷག་དོན་བོད་མི་ཁག་ཅིག་ལ་རང་ལུས་མེ་བསྲེག་བཏང་རྒྱུར་སྐུལ་སློང་བྱས་པའི་ནག་ཉེས་བཙུགས་ཏེ་བཙོན་འཇུག་ཁྲིམས་ཐག་གཅོད་པའི་གནས་སྟངས་ལ་ཧ་ཅང་གི་བློ་འཚབ་ཆེན་པོ་ཡོད། བོད་པ་ཚོར་སོ་སོའི་སེམས་ཀྱི་སྐད་ཆ་ཤོད་པའི་རང་དབང་མེད་པའི་ཁར། རྒྱ་ནག་གཞུང་གིས་བོད་ཀྱི་དཀའ་ངལ་སེལ་ཐབས་ཀྱི་གྲོས་མོལ་བྱ་རྒྱུའི་འདུན་པ་མེད་པའི་བྱ་སྤྱོད་དེ་ཡིས་བོད་མི་རྣམས་སེམས་སྡུག་གི་གནས་སུ་ལྷུངས་ཡོད། དེར་བརྟེན་ཨ་རིའི་མཐོ་རིམ་དཔོན་རིགས་ནས་རྒྱ་ནག་གི་དཔོན་རིགས་ལྷན་དུ་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སློང་བྱ་རྒྱུ་མ་ཟད། དམིགས་བསལ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གཏོང་དགོས་པའི་སྐོར་གླེང་སློང་བྱ་རྒྱུ་དང༌། བོད་ཀྱི་དཀའ་ངལ་སེལ་ཐབས་སུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གམ་ཡང་ན་ཁོང་གི་སྐུ་ཚབ་ཀྱི་ལྷན་དུ་སྔོན་འགྲོའི་ཆ་རྐྱེན་གང་ཡང་མ་བཏོན་པའི་ཐོག་ནས་དོན་ཕན་ལྡན་པའི་གྲོས་མོལ་བྱ་དགོས་པ་དང༌། བོད་ནང་གི་ཛ་དྲག་གི་གནས་སྟངས་ཞི་འཇམ་ཡོང་ཐབས་བྱ་དགོས་པ། ད་དུང་བོད་ནང་གི་བོད་མི་ཚོར་ཞེ་སྣང་མེད་པའི་ཐོག་ནས་སོ་སོའི་སེམས་ཀྱི་སྡུག་བསྔལ་རང་དབང་ལྡན་པའི་ཐོག་ནས་ཤོད་ཆོག་པའི་ཐོབ་ཐང་སྤྲོད་དགོས་པའི་འབོད་སྐུལ་མུ་མཐུད་ནས་ཞུ་རྒྱུ་ཡིན་ཞེས་གསུང་ཡོད་པ་རེད། །