ལྦི་ཏི་ནམ་ཡུལ་དུ་བེུད་རྩོམ་བྲིས་པ་ཞིག་ལ་ཁྲིམས་བཅད།

ལྦི་ཏི་ནམ་རྩོམ་བྲིས་པ་ཞིག་ལ་རྒྱལ་ཁབ་ལ་ངོ་རྒོལ་གྱི་ཁྱོག་བཤད་ཀྱི་དྲིལ་བསྒྲགས་བྱས་པའི་ཉེས་འཛུགས་ཀྱིས་བཙོན་འཇུག་ཉེས་ཆད་ཐག་གཅོད།

2010.01.29

༄༅༎དེ་རིང་རེས་གཟའ་པ་སངས་ཉིན་ལྦི་ཏི་ནམ་ཁྲིམས་ཁང་ཞིག་གིས་བུད་མེད་རྩོམ་བྲིས་པ་ཞིག་ལ་རྒྱལ་ཁབ་ལ་ངོ་རྒོལ་གྱི་ཁྱོག་བཤད་ཀྱི་དྲིལ་བསྒྲགས་བྱས་པའི་ཉེས་འཛུགས་ཀྱིས་མི་ལོ་བཞིའི་བཙོན་འཇུག་ཉེས་ཆད་ཐག་གཅོད་བྱས་ཡོད་པའི་སྐོར་ཁྲིམས་ཁང་གི་དཔོན་རིགས་ཤིག་གིས་གསུང་ཡོད་པ་དང། དེ་ནི་ཉེ་བའི་དུས་ཚོད་ནང་དུ་ལྦི་ཏི་ནམ་དམར་ཤོག་རྒྱལ་ཁབ་དེ་ཡིས་དམངས་གཙོའི་ལས་འགུལ་སྤེལ་མཁན་ཐོག་ལ་བཙོན་འཇུག་གི་ཉེས་ཆད་གཅིག་མཇུག་གཉིས་མཐུད་ཀྱིས་གཏོང་བཞིན་ཡོད་པ་རེད།

དེ་ཡང་ལོ་ན་༣༢ཡིན་པའི་བུད་མེད་དམངས་གཙོའི་རྩོམ་བྲིས་སྤེལ་མཁན་ཕམ་ཐའ་ནིཨན་ལ་ལྦི་ཏི་ནམ་གྱི་བྱང་ཕྱོགས་གྲོང་ཁྱེར་ཧའེ་ཕོང་ཁྲིམས་ཁང་ནས་ཁྲིམས་བཤེར་ཁྱུག་ཙམ་བྱས་ཏེ་འཕྲལ་མ་ཉིད་དུ་བཙོན་འཇུག་གི་ཉེས་ཆད་ཐག་གཅོད་བྱས་ཡོད་པ་དང། ལྷག་པར་དུ་ཨ་མི་རི་ཀའི་གྲོས་ཚོགས་ཀྱི་འཐུས་མི་གསུམ་གྱིས་ཁོང་ལ་བཙོན་འཇུག་ཀྱི་ཉེས་ཆད་ཐག་གཅོད་བྱེད་ཁར་གློད་འགྲོལ་ཡོང་ཐབས་ཀྱི་ཞུ་གཏུགས་བྱས་ཀྱང། ནུས་མེད་དུ་གྱུར་ཏེ་ལོ་བཞིའི་བཙོན་འཇུག་ཉེས་ཆད་ཐག་གཅོད་བྱས་ཡོད་པ་རེད། ཁྲིམས་ཁང་གི་དཔོན་རིགས་མཚན་གསུང་འདོད་མེད་པ་ཞིག་གིས་ཕེ་རན་སི་གསར་འགོད་པར་བརྗོད་དོན། ཁྲིམས་ཁང་ནས་ཁོང་གིས་ལོ་བཞིའི་བཙོན་འཇུག་གི་ཉེས་ཆད་ཚང་བའི་རྗེས། ད་དུང་ལོ་གསུམ་རིང་ཁྱིམ་ཚང་ནས་རང་དབང་གི་འགྲོ་བསྐྱོད་མི་ཆོག་པའི་དམ་བསྒྲགས་འོག་སྡོད་དགོས་པའི་བཀའ་ཁྱབ་བཏང་ཡོད་པ་བཤད་ཡོད་པ་རེད། ལྦི་ཏི་ནམ་ཁྲིམས་ཁང་ནས་ཁོང་ལ་ཁྲིམས་བཤེར་མ་བྱས་གོང་ལ་ཁོང་གི་ཁྲིམས་རྩོད་པས་གསུང་ན། ཕྱི་ལོ་༢༠༠༨ལོར་ཡུལ་གི་དངོས་ཟོག་གི་རིན་གོང་འཕར་བའི་གནས་སྟངས་ཐོག་ནས་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་བའི་ནག་ཉེས་ཡིན་པ་ཉེས་འཛུགས་བྱས་པ་དང། དེ་རྗེས་ཡང་ཁོང་གིས་ལྦི་ཏི་ནམ་དང་རྒྱ་ནག་བར་གྱི་ཚོང་འབྲེལ་བྱེད་ཕྱོགས་ལ་ངོ་རྒོལ་གྱི་སྐྱོན་བརྗོད་ཀྱི་ཕྲེད་དར་བསྐྱལ་བ་མ་ཟད། ངོ་རྒོལ་གྱི་གནས་ཚུལ་རྣམས་འཕྲིན་གཏོང་དྲ་རྒྱའི་ཐོག་གཏོང་སྤེལ་བྱས་པའི་ནག་ཉེས་ཉེས་འཛུགས་བྱས་ཡོད་པ་འགྲེལ་བརྗོད་བྱས་ཡོད་པ་རེད། ད་རེས་ཁོང་ལ་ཁྲིམས་བཤེར་བྱས་པའི་སྐབས་ཕྱི་རྒྱལ་གྱི་ཕྱི་འབྲེལ་སྐུ་ཚབ་དང་ཕྱི་རྒྱལ་གྱི་གསར་འགོད་པ་གཅིག་ཀྱང་བཏང་མེད་པ་དང། ཁོང་གི་ཁྲིམས་རྩོད་པས་ཀྱང། ཁྲིམས་ཁང་གི་ཐག་གཅོད་དེར་ཧ་ཅང་གི་བློ་ཕམ་བྱུང་ཚུལ་དང། ཚད་ལས་བརྒལ་བའི་ཉེས་ཆད་བཏང་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བསྟན་འགྲོ་སྤྱིའི་དོན་དུ་མཛད་འཕྲིན་མུ་མཐུད་བསྐྱང་རྒྱུའི་བཀའ་བཞེས་ཕེབས་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎