བོད་མི་དང་བལ་བོའི་གཞོན་སྐྱེས་མཉམ་རུབ་ཀྱི་རོགས་སྐྱོར་ལས་འགུལ།
2015.05.01

ཁ་ན་ཊར་བོད་མི་དང་བལ་བོའི་གཞོན་སྐྱེས་མཉམ་རུབ་ཀྱིས་བལ་ཡུལ་གྱི་ས་ཡོམ་གོད་ཆག་རོགས་སྐྱོར་ཆེད་ལས་འགུལ་སྤེལ་འདུག
དེ་ཡང་ཟླ་༤བའི་ཚེས་༢༥ཉིན་བལ་ཡུལ་དུ་ས་ཡོམ་འགུལ་ཚད་བརྒྱད་ལ་ཉེ་བ་ཞིག་བརྒྱབ་པའི་གོད་ཆག་རོགས་རམ་ཆེད། འཛམ་གླིང་གི་ཡུལ་གྲུ་གང་སར་སྡེ་ཚན་དང་ཚོགས་པ་འདྲ་མིན་གྱིས་བྱ་འགུལ་འདྲ་མིན་སྤེལ་བཞིན་ཡོད་པ་དང་། ཁ་ན་ཊའི་ནང་ཡོད་པའི་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་། ཊོ་རོན་ཊོའི་བལ་པོའི་གློག་བརྙན་དུས་སྟོན་ཚོགས་པ་ཟུང་འབྲེལ་ཐོག་ནས་ཕྱི་ཚེས་༢༩ཉིན་གྱི་དགོང་མོར་གདུང་སེམས་མཉམ་སྐྱེད་དང་། མར་མེའི་འདུ་འཛོམས་ཤིག་སྤེལ་ཡོད་པ་དང་། དེའི་ཐོག་ས་གནས་བོད་མི་དང་བལ་པོ་མི་རིགས་༧༠༠ཙམ་མཉམ་བཞུགས་གནང་ཡོད་ཅིང་། མར་མེའི་འདུ་འཛོམས་དེའི་ཐོག་ས་ཡོམ་གྱི་གནོད་འཚེ་ཕོག་ཡུལ་དུ་དཔལ་འབྱོར་རོགས་རམ་ཆེད་མ་དངུལ་ཞལ་འདེབས་འདུ་རུབ་གནང་ནས་དེའི་དགོང་མོར་ཨ་སྒོར་16,734ཙམ་ཞལ་འདེབས་འབུལ་མཁན་བྱུང་ཡོད་པ་དང་། ཞལ་འདེབས་མ་དངུལ་དེ་དག་བལ་ཡུལ་ནང་ས་ཡོམ་གྱི་གནོད་འཚེ་ཕོག་ཡུལ་དུ་གང་མགྱོངས་འབྱོར་ཐུབ་རྒྱུར་ཐད་ཀར་ཁ་ན་ཊའི་རྒྱ་གྲམ་དམར་པོར་འབུལ་རྒྱུ་ཡིན་འདུག མར་མེའི་འདུ་འཛོམས་དེའི་སྐབས་ས་གནས་ནང་ཡོད་པའི་བོད་མི་དང་། བལ་པོའི་མི་རིགས་ཁག་ཅིག་གིས་རང་ཉིད་ཀྱི་དགའ་ཉེ་སྤུན་མཆེད་བལ་ཡུལ་གྱི་ས་ཡོམ་གནོད་འཚེ་ཕོག་ཡུལ་དུ་ལུས་ནས་ད་ལྟའི་ཆར་ཤི་གསོན་རྩད་གཅོད་མི་ཐུབ་པའི་གནས་སྟངས་ངོ་སྤྲོད་གནང་ཡོད་ཅིང་། བོད་མི་ངག་དབང་ལགས་ཀྱིས་གཅུང་མོ་དང་སྤུན་མཆེད་བལ་ཡུལ་ནང་ས་ཡོམ་གྱི་གནོད་འཚེ་ཕོག་པའི་སྐབས་ བལ་ཡུལ་གྱི་བྱང་ཕྱོགས་Lapchiཁུལ་དུ་ཡོད་པ་དང་། ས་ཡོམ་གྱི་གནོད་འཚེ་བྱུང་རྗེས་ ཐབས་ལམ་སྣ་ཚོགས་ཐོག་ནས་རྩད་གཅོད་བྱས་ཡོད་ཀྱང་ཁོང་ཚོའི་གནས་ཚུལ་རྩ་བ་ནས་ཤེས་རྟོགས་བྱུང་མེད་པའི་སྐོར་ངོ་སྤྲོད་གནང་འདུག
བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཁ་ན་ཊའི་ཁུལ་གྱི་འགན་འཛིན་ཨུ་རྒྱན་ལགས་ཀྱིས་། བལ་ཡུལ་ནང་རྒྱ་གར་ཕུད་པའི་བཙན་བྱོལ་བོད་མི་མང་ཤོས་གནས་སྡོད་བྱེད་ས་ཞིག་ཡིན་པ་དང་། ད་རེས་བལ་ཡུལ་ནང་རང་བྱུང་གྱི་གོད་ཆགས་ཆེན་པོ་དེ་འདྲ་ཞིག་བྱུང་བའི་སྐབས་ང་ཚོས་རང་ནུས་གང་ཡོད་ཀྱིས་རོགས་རམ་བྱ་རྒྱུ་དེ་གལ་འགངས་ཆེན་པོ་ཡིན་པ་དང་། དམིགས་བསལ་དཔལ་འབྱོར་གྱི་ཞལ་འདེབས་འབུལ་རྒྱུ་དེས་ས་གནས་ཀྱི་གོད་ཆགས་ཕོག་མི་ཚོར་ཕན་ཐོགས་ཆེན་པོ་ཡོང་རྒྱུ་ཡིན་ལུགས་སོགས་གཏམ་བཤད་སྤེལ་གནང་འདུག
ཟླ་བ་འདིའི་སྤྱི་ཚེས་༢༥ཉིན་བལ་ཡུལ་དུ་ས་ཡོམ་འགུལ་ཚད་བརྒྱད་ལ་ཉེ་བ་ཞིག་བརྒྱབ་པའི་གོད་ཆག་ཁྲོད་བལ་ཡུལ་ནང་ད་བར་མི་གྲངས་༦༢༠༠བརྒལ་ཡོད་པ་དང་། བོད་ཀྱི་ནུབ་བརྒྱུད་མཐའ་མཚམས་ཁུལ་དུ་ཡང་ས་ཡོམ་གྱི་གོད་ཆག་ཁྲོད་ད་བར་ཉུང་མཐར་བོད་མི་མི་གྲངས་༢༥ཙམ་གྲོངས་ཡོད་པ་དང་། བཞི་གར་སོང་ཆ་མེད་གྱུར་པ། མི་གྲངས་༩༠༠ལྷག་ལ་ཚད་གཞི་འདྲ་མིན་གྱི་རྨས་སྐྱོན་ཕོག་པ་སོགས་མདོར་ན་མི་གྲངས་ཁྲི་ཕྲག་ཁ་ཤས་ལ་གོད་ཆགས་བྱུང་ཡོད་པ་རེད།
གསར་འགོད་པ་འཆི་མེད།
ཡང་ས་ཡོམ་དང་འབྲེལ་ཡོད་གནས་ཚུལ་གཤམ་ལ་སྐབས་དོན་གླེང་མོལ་གྱི་ལེ་ཚན་གཙོ་སྐྱོང་བ་ཆོས་སྐྱིད་ལགས་ཀྱིས་ཕྱོགས་སྒྲིག་དང་སྙན་སྒྲོན་ཞུས་པ་ཞིག་གསན་རོགས༎
གསར་འགོད་པ་ཆོས་སྐྱིད།