ས་ཡོམ་གོད་ཆགས་ལ་དམིགས་པའི་རྒྱང་སྲིང་ལ་འགོག་རྐྱེན།
2010.04.22
༄༅༎ནོར་ལྦའི་བོད་ཀྱི་རླུང་འཕྲིན་ཁང་གིས་བོད་ཁམས་སྐྱེ་རྒུ་མདོའི་ས་ཡོམ་གྱི་གོད་ཆགས་ལ་དམིགས་པའི་ས་གནས་ཀྱི་བོད་མི་ཚོར་ཕྱི་ཕྱོགས་ནས་བོད་མི་ཚོས་ཐུགས་གསོ་དང་རྒྱབ་བསྐྱོར་དེ་བཞིན་གདུང་སེམས་མཉམ་བསྐྱེད་བརྡ་འཕྲོད་གནང་རྒྱུའི་དམིགས་བསལ་རྒྱང་སྲིང་གི་ལས་རིམ་དེར་རྒྱ་ནག་གཞུང་གི་འགོག་རྐྱེན་སྤྲད་དེ་ས་གནས་ནང་བརྡ་འཕྲིན་གསན་ཞིབ་ཐུབ་རྒྱུ་མེད་པ་བཟོས་ཡོད་སྐོར་ནོར་ལྦའི་བོད་ཀྱི་རླུང་འཕྲིན་ཁང་ནས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་བྱས་འདུག་༎
ནོར་ལྦའི་བོད་ཀྱི་རླུང་འཕྲིན་ཁང་གི་སྐྱེ་རྒུ་མདོའི་ས་ཡོམ་གྱི་གོད་ཆགས་ལ་དམིགས་ཏེ་ས་གནས་ཀྱི་བོད་མི་ཚོར་ཐུགས་གསོ་དང་གདུང་སེམས་མཉམ་སྐྱེད་ཞུ་རྒྱུའི་དམིགས་བསལ་བརྡ་འཕྲིན་གྱི་ལས་རིམ་རྒྱང་སྲིང་འགོ་བཙུགས་གནང་པའི་རྗེས་རྒྱ་ནག་གཞུང་ནས་ཉིན་གཉིས་བསྟུད་མར་ རྒྱང་སྲིང་ལ་འགོག་རྐྱེན་སྤྲད་པར་བརྟེན་ ནོར་ལྦའི་བོད་ཀྱི་རླུང་འཕྲིན་ཁང་ནས་དམིགས་བསལ་གདུང་སེམས་མཉམ་སྐྱེད་ཞུ་རྒྱུའི་ལས་རིམ་དེ་ རྒྱུན་ལྡན་གྱི་གསར་འགྱུར་རྒྱང་སྲིང་ཞུ་རྒྱུའི་དུས་ཚོད་དང་འོལ་ཚད་ནས་ལོགས་སུ་བཏང་སྟེ་རྒྱང་སྲིང་གནང་གི་ཡོད་པ་རེད་ ནོར་ལྦའི་བོད་ཀྱི་རླུང་འཕྲིན་ཁང་གི་འགན་འཛིན་ཀརྨ་ཡི་ཤེས་ལགས་ཀྱིས་གསུངས་ན་ རྒྱ་ནག་གཞུང་ལ་ང་ཚོས་དམིགས་བསལ་གྱི་ལས་རིམ་རྒྱང་སྲིང་བྱ་རྒྱུའི་སྐོར་བརྡ་ལན་ཕུལ་བ་ཡིན་ ཡིན་ནའང་རེས་གཟའ་ལྷག་པའི་ཉིན་སླར་ཡང་དམིགས་བསལ་རྒྱང་སྲིང་གྱི་ལས་རིམ་དེ་བཀག་འགོག་བྱས་འདུག་ཅེས་དང་ ང་ཚོས་དམིགས་བསལ་གྱི་ལས་རིམ་དེ་ནི་ས་ཡོམ་གྱི་གོད་ཆགས་ཕོག་པའི་བོད་མི་དང་དེ་བཞིན་ངལ་སེལ་དང་མྱུར་སྐྱོབ་ཀྱི་ལས་དོན་མི་སྣ་རྣམས་ལ་བོད་མི་ཚོས་ཐུགས་གསོ་དང་གདུང་སེམས་མཉམ་སྐྱེད་ཞུ་རྒྱུའི་གླེང་སྟེགས་བསྐྲུན་ཐབས་ཀྱི་དམིགས་ཡུལ་ཁོ་ན་བཟུང་ཡོད་ ཡིན་ནའང་སྟབས་མི་ལེགས་པ་ཞིག་ལ་ང་ཚོས་མི་ཆོས་རིང་ལུགས་ལ་བརྟེན་པའི་རྒྱང་སྲིང་གི་འབོད་སྐུལ་དེར་རྒྱ་ནག་གཞུང་གིས་སྣང་ཆུང་དུ་བཏང་ཡོད་པ་རེད་ཅེས་འགྲེལ་བརྗོད་གནང་འདུག་༎