བོད་མིས་སྤྱི་ཚོགས་དྲ་ལམ་བེད་སྤྱོད་བྱ་རྒྱུའི་ཐད་རྒྱ་ནག་གཞུང་གིས་ཞིབ་བཤེར་ཐོ་འགོད་ནན་པོ་བྱེད་བཞིན་ཡོད་པ་དང་། VPN དྲ་ལམ་བརྒྱུད་གནས་ཚུལ་བལྟ་བཤེར་བྱེད་མཁན་ཡོད་མེད་རྒྱ་ནག་གཞུང་གིས་འདྲི་རྩད་ཀྱིས་དམ་དྲག་བྱེད་བཞིན་འདུག

2024.08.15
བོད་མིས་སྤྱི་ཚོགས་དྲ་ལམ་བེད་སྤྱོད་བྱ་རྒྱུའི་ཐད་རྒྱ་ནག་གཞུང་གིས་ཞིབ་བཤེར་ཐོ་འགོད་ནན་པོ་བྱེད་བཞིན་ཡོད་པ་དང་། VPN དྲ་ལམ་བརྒྱུད་གནས་ཚུལ་བལྟ་བཤེར་བྱེད་མཁན་ཡོད་མེད་རྒྱ་ནག་གཞུང་གིས་འདྲི་རྩད་ཀྱིས་དམ་དྲག་བྱེད་བཞིན་འདུག ཁྲིན་ཏུའུ་རུ་བུད་མེད་གིས་ཁ་པར་བལྟ་བཞིན་པ། ༢།༢༠༢༢
AP

ཕྱི་ལོ་ ༢༠༢༤ ཟླ་ ༧ ཟླ་མཇུག་ཙམ་ལ་རྒྱ་ནག་གཞུང་གིས་བསྐྱར་དུ་རྒྱ་ནག་རྒྱལ་ཡོངས་སུ་མི་མང་ཐོག་སྟངས་འཛིན་ཤུགས་ཆེ་རུ་གཏོང་ཐབས་སུ། སྤྱི་ཚོགས་དྲ་ལམ་སྒོ་འབྱེད་ཆེད་མི་སྒེར་གྱི་ཞིབ་ཕྲའི་གནས་ཚུལ་མཁོ་སྤྲོད་བྱེད་དགོས་པའི་སྲིད་བྱུས་ཤིག་གསལ་བསྒྲགས་བྱས་ཡོད་ན་ཡང་། ཕྱི་ཟླ་ ༨ ཟླ་འགོ་ནས་བཟུང་བོད་ཀྱི་རྒྱལ་ས་ལྷ་ས་གཙོས་བོད་ནང་གི་ས་ཁུལ་མང་དག་ཅིག་ཏུ་སྤྱི་ཚོགས་དྲ་ལམ་ཐོག་སྟངས་འཛིན་གྱི་བྱ་ཐབས་ལག་བསྟར་བྱེད་བཞིན་ཡོད་པ་དང་།   བོད་ཀྱི་རྒྱལ་ས་ལྷ་ས་སོགས་སུ་སྤྱི་ཚོགས་དྲ་ལམ་ནང་གཞུང་གི་བཀོད་ཁྱབ་བཞིན་ཐོ་འགོད་མ་བྱས་ཚེ་གཞུང་ངོས་ནས་འབོད་འགུག་གིས་བསྐྱར་དུ་ཐོ་འགོད་དང་འབྲེལ་ཁ་པར་ལ་ཞིབ་བཤེར་བྱེད་ཀྱི་ཡོད་ཅིང་།  དམིགས་བཀར་དེ་སྔ་ (VPN) དྲ་ལམ་བརྒྱུད་གཞུང་ཕྱོགས་ཀྱི་བཀག་འགོག་ལས་གཡོལ་ཏེ་བོད་ནང་ནས་འཛུལ་མི་ཐུབ་པའི་དྲ་ཚིགས་ཁ་ཕྱེ་ཡོད་མེད་དང་།  ཕྱི་ཕྱོགས་སུ་འབྲེལ་བ་བྱས་ཡོད་མེད་སོགས་འདྲི་རྩད་བྱེད་བཞིན་ཡོད་པའི་སྐོར་བོད་ནང་གི་འབྲེལ་ཡོད་བོད་མི་གཉིས་ཀྱིས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

རྒྱ་ནག་གཞུང་འབྲེལ་གྱིས་གསལ་བསྒྲགས་བཏང་བའི་ནང་རྒྱ་ནག་གི་སྤྱི་འབངས་སྒེར་གྱི་གནས་ཚུལ་སྲུང་སྐྱོབ་དང་དྲ་རྒྱའི་སྤྱི་ཚོགས་ཀྱི་དོ་དམ་ཚད་ལྡན་ཡོང་ཆེད་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གློག་འཕྲིན་དྲ་བའི་གཡོ་སྒྱུ་འགོག་ཐབས་ཀྱི་ཁྲིམས་ལུགས་སྒྲིག་གཞི་ཁག་གཞིར་བཟུང་སྟེ་མི་མང་བདེ་འཇགས་ལས་ཁུངས་དང་། རྒྱལ་ཡོངས་དྲ་བའི་བརྡ་འཕྲིན་ལས་ཁུངས་སོགས་ཀྱིས་མཉམ་འབྲེལ་ངང་ལས་གཞི་དེ་སྤེལ་རྒྱུ་ཡིན་པས་མི་མང་ངོས་ནས་དེར་བསམ་ཚུལ་བཤད་དབང་ཡོད་པ་སོགས་བསྒྲགས་ཡོད་ན་ཡང་འབྲེལ་ཡོད་གཞན་དེས་བོད་མི་ཚོར་བསམ་ཚུལ་ཞིག་བཤད་ས་གནའ་ནས་ད་བར་ཡོད་མ་མྱོང་ལ།   ད་རེས་ཡིན་ན་ཡང་བསམ་ཚུལ་བཤད་ཆོག་པ་ཞིག་རྩ་བ་ནས་མ་བྱུང་པར་གཞུང་གིས་ལག་བསྟར་བྱེད་བཞིན་འདུག   དེ་སྔ་ཐོབ་ཐང་ལག་འཁྱེར་མེད་པར་ཁ་པར་ཨང་གྲངས་བརྒྱུད་སྤྱི་ཚོགས་དྲ་ལམ་ཁག་ལ་ཐོ་འགོད་བྱེད་ཐུབ་པ་དང་།  ཐོབ་ཐང་ལག་འཁྱེར་དང་སྦྲེལ་དགོས་པའི་ཆ་རྐྱེན་འདོན་བཞིན་ཡོད་ཀྱང་མ་མཐུད་ན་ཡང་ལས་ཀ་མང་པོ་ཞིག་བྱེད་ཐུབ་ཀྱི་ཡོད་པ་དང་།  ཐེངས་འདིར་དེ་སྔ་དང་མི་འདྲ་བར་གློག་རྡུལ་ལག་འཁྱེར་དང་མཉམ་དུ་སྦྲེལ་ནས་ཐོ་འགོད་བྱས་པ་ཞིག་ཆགས་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་།

གནས་ཚུལ་འགྲེལ་བརྗོད་པ་གཅིག་གིས་གསུངས་དོན། སྤྱི་ཚོགས་དྲ་ལམ་བེད་སྤྱོད་བྱེད་པར་བསྐྱར་དུ་ཐོ་འགོད་ཞིབ་བཤེར་ངེས་པར་དུ་བྱེད་དགོས་འདུག་ལ།  དེ་ནི་མི་སྒེར་གྱི་ཁ་པར་དང་སྤྱི་འབངས་ཀྱི་ཐོབ་ཐང་ལག་འཁྱེར་སོགས་དང་འབྲེལ་མཐུད་བྱས་ཏེ་གཞུང་གི་སྟངས་འཛིན་འོག་ཡོད་པའི་སྟབས་བདེའི་གསང་བའི་ཨང་གྲངས་ཤིག་མཁོ་སྤྲོད་བྱས་པ་དང་།   དེ་ནས་བསྐྱར་དུ་ཐོ་འགོད་བྱ་དགོས་ཡོད་འདུག་ཅེས་གསུངས་བྱུང་ལ།    གཙོ་བོ་སྤྱི་ཚོགས་དྲ་ལམ་སྐད་འཕྲིན་དང་མགྱོགས་འཕྲིན།  ཁྱུག་དབྱིངས་སོགས་བེད་སྤྱོད་ཆེད་ཡིན་པ་དང་།  སྤྱིར་དེ་སྔ་ནས་སྤྱི་འབངས་ཀྱི་ཐོབ་ཐང་ལག་འཁྱེར་སོགས་མཁོ་སྤྲོད་བྱས་ཡོད་པས་ཁྱད་པར་ག་རེ་ཡོད་མེད་སོགས་ཞིབ་ཕྲ་ཤེས་རྟོགས་ཐུབ་ཀྱི་མེད་སྐོར་བརྗོད་བྱུང་ལ།   བོད་ནང་གི་སྤྱི་ཚོགས་དྲ་ལམ་ཁག་ཏུ་ཐད་གཏོང་བྱ་སྐབས་ངེས་པར་དུ་མི་སྒེར་གྱི་ཞིབ་ཕྲའི་གནས་ཚུལ་མཁོ་སྤྲོད་དགོས་པ་དང་དམ་དྲག་ཤུགས་ཆེ་ཡོད་སྐོར་གྱི་གནས་ཚུལ་གླེང་མཁན་ཡོད་པ་མཐོང་རྒྱུ་འདུག་ཅེས་གསུངས་བྱུང་།

སྤྱིར་རྒྱ་ནག་གཞུང་གིས་དེང་སྐབས་བོད་ཀྱི་རྒྱལ་ས་ལྷ་ས་ཁུལ་དུ་དངོས་ཤུགས་གཉིས་ནས་དམ་དྲག་ཤུགས་ཆེར་བྱེད་བཞིན་ཡོད་པ་དང་།  ཕྱི་ཟླ་ ༨ ཟླ་འགོར་ལྷ་ས་སྤྱི་བདེ་ཉེན་རྟོག་དྲ་རྒྱའི་སྟེང་གསལ་བསྒྲགས་སྤེལ་ཏེ། ལྷ་སར་དྲ་རྒྱའི་ལྕགས་རི་བརྒལ་མཁན་གསུམ་རྩད་ཆོད་འཛིན་བཟུང་གིས་(སྲིད་འཛིན་)ཆད་པ་བཅད་དེ་གློད་ཡོད་པ་བཀོད་འདུག་ལ། དེ་བཞིན་ཕྱི་ཟླ་༨ ཚེས་༡༣ ཉིན་ལྷ་སའི་ཉེན་རྟོག་ཕྱོགས་ནས་མི་མང་བདེ་འཇགས་དང་བརྟན་ལྷིང་ཆེད། ལྷ་སའི་ཉེན་རྟོག་ཚན་པས་ཉིན་མཚན་གཉིས་ལ་དྲ་ལམ་དང་སྲང་ལམ་ཡོངས་སུ་ཞིབ་བཤེར་བྱེད་བཞིན་པ་བརྗོད་འདུག་ལ།  སྤྱིར་རྒྱ་ནག་གཞུང་གིས་འདས་པའི་ལོ་ཤས་ནས་བཟུང་སྤྱི་ཚོགས་དྲ་ལམ་ཁག་ནང་བོད་མི་ཚོར་དམ་དྲག་དང་།  ཐ་ན་རྒྱ་ནག་གི་སྤྱི་ཚོགས་དྲ་ལམ་མགྱོགས་འཕྲིན་ཟེར་བའི་ནང་བོད་མི་ཚོས་བོད་ཡིག་དང་བོད་སྐད་བེད་སྤྱོད་བྱས་ན་བཀག་བསྡོམས་བྱེད་བཞིན་པ་སོགས་ཀྱི་གནས་ཚུལ་ཐོན་ཡོད།

གསར་འགོད་པ། བདེ་སྐྱིད་ཀུན་སྒྲོལ།

རྩོམ་སྒྲིག་པ། བསྟན་འཛིན་པདྨ། བཀྲ་ཤིས་དབང་ཕྱུག

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎