རིམས་ནད་H1N1ཉེན་བརྡའི་རིམ་པ་མཐོ་རུ་བཏང་བ།

འཛམ་གླིང་འཕྲོད་བསྟེན་ལྷན་ཁང་གིས་ཕག་པའི་རིམས་ནད་དེ་ཚབས་ཆེ་བའི་ཉེན་བརྡའི་རིམ་པ་མཐོ་རུ་བཏང་ཡོད་པ་རེད།

2009.06.12

༄༅༎འདས་པའི་ཟླ་བ་གཉིས་ནང་འཛམ་གླིང་ནང་ཁྱབ་གདལ་དུ་འགྲོ་བཞིན་པའི་ཕག་པའི་རིམས་ནད་H1N1ཞེས་པའི་ནད་འབུ་མུ་མཐུད་འགོས་ཁྱབ་འགྲོ་ཚད་མྱུར་པོའི་གནས་སྟངས་སུ་གྱུར་བར་བརྟེན་ནས་འཛམ་གླིང་འཕྲོད་བསྟེན་ལྷན་ཁང་གིས་རིམས་ནད་དེ་ཚབས་ཆེ་བའི་ཉེན་བརྡའི་རིམ་པ་མཐོ་རུ་བཏང་ཡོད་པ་རེད།

དེ་ཡང་རེས་གཟའ་ཕུར་བུའི་ཉིན་འཛམ་གླིང་གི་རྒྱལ་ཁབ་༧༤ཡིས་གཞུང་འབྲེལ་གྱི་ཐོག་ནས་ཕག་པའི་རིམས་ནད་དེའི་ནད་འབུ་འགོས་ཁྱབ་ཟིན་པའི་ཁྱོན་ནད་པ་ཉིས་ཁྲི་བརྒྱད་སྟོང་བདུན་བརྒྱ་བདུན་བཅུ་དོན་བཞི་ཡོད་པ་མ་ཟད་ནད་པ་༡༤༤རྐྱེན་ལམ་དུ་ཕྱིན་པའི་གསལ་བསྒྲགས་གནང་བའི་བསྡོམས་རྩིས་ལ་བརྟེན་ནས་དེ་ཉིན་འཛམ་གླིང་འཕྲོད་བསྟེན་ལྷན་ཁང་གིས་རིམས་ནད་དེ་ཚབས་ཆེ་བའི་འགོས་ནད་ཀྱི་ཉེན་བརྡའི་རིམ་པ་དྲུག་པར་བར་མཐོ་རུ་བཏང་སྟེ་ཉིས་སྟོང་དགུ་ལོའི་འཛམ་གླིང་གི་ནད་ཡམས་ཤིག་ཏུ་འགྱུར་རྒྱུའི་ཉེན་ཁར་སླེབས་ཟིན་ཡོད་པའི་གསལ་བསྒྲགས་གནང་བ་ཡིན་ཞིང་རིམས་ནད་H1N1ཞེས་པ་དེ་ཐོག་མར་ཕྱི་ཟླ་བཞི་པའི་འགོ་སྟོད་དུ་མེཀ་སི་ཀོ་རྒྱལ་ཁབ་ནས་འགོ་ཚུགས་པའི་རྗེས་ཕྱི་ཟླ་བཞི་པའི་ཚེས་བཅུ་གསུམ་ཉིན་རིམས་ནད་དེའི་འོག་ཐེངས་དང་པོ་མི་རྐྱེན་འདས་སུ་ཕྱིན་པའི་གནས་ཚུལ་གསལ་བསྒྲགས་བྱུང་ཡོད་པ་མ་ཟད་ད་ཆ་རིམས་ནད་དེ་འཛམ་གླིང་གི་རྒྱལ་ཁབ་དང་ས་གནས་བདུན་བཅུ་ལྷག་ནང་ཁྱབ་གདལ་དུ་ཕྱིན་ཏེ་མེཀ་སི་ཀོ་ཡུལ་གྲུའི་ཁྱིམ་མཚེས་རྒྱལ་ཁབ་ཨ་མི་རི་ཀ་དང་ཁེ་ན་ཌར་ཁྱབ་གདལ་ཕྱིན་པའི་ཁར་འཛམ་གླིང་འཕྲོད་བསྟེན་ལྷན་ཁང་གི་བསྡོམས་རྩིས་ནང་ཨ་མི་རི་ཀ་ནི་མེཀ་སི་ཀོ་རྗེས་ཀྱི་འགོས་ནད་ཁྱབ་གདལ་འགྲོ་ཡུལ་སྡུག་ཤོས་ཀྱི་རིམ་པ་དང་པོའི་གྲས་ཀྱི་ཐོ་གཞུང་དུ་སླེབས་ཡོད་པ་རེད། དེ་རིང་བར་དུ་འཛམ་གླིང་འཕྲོད་བསྟེན་ལྷན་ཁང་གི་བསྡོམས་རྩིས་ལ་གཞིགས་པ་ཡིན་ན་མེཀ་སི་ཀོ་ནང་རིམས་ནད་དེའི་ནད་འབུ་འགོས་ཁྱབ་ཟིན་པའི་ནད་པ་དྲུག་སྟོང་ཉིས་བརྒྱ་ལྷག་ཙམ་དང་ནད་པ་བརྒྱ་དང་བརྒྱད་འདས་གྲོངས་སུ་ཕྱིན་པ།ཨ་མི་རི་ཀའི་ནང་ནད་པ་ཆིག་སྟོང་གསུམ་བརྒྱ་ལྷག་ཙམ་བྱུང་ཡོད་པ་དང་རྐྱེན་འདས་སུ་ཕྱིན་པ་ཉི་ཤུ་རྩ་བདུན་བྱུང་ཡོད་ཅིང་དེ་རྗེས་ཁེ་ན་ཌའི་ནད་པ་ཉིས་སྟོང་བཞི་བརྒྱ་ལྷག་དང་བཞི་རྐྱེན་འདས་སུ་ཕྱིན་པ།ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་ཆི་ལེ་ནང་ནད་པ་ཉིས་སྟོང་ཙམ་དང་རྐྱེན་འདས་སུ་ཕྱིན་པ་གསུམ་བྱུང་ཡོད་པ་རེད། དེ་མིན་གྱི་ཨེ་ཤེ་ཡའི་རྒྱལ་ཁབ་ཉི་ཧོང་ནང་དུ་ནད་པ་༥༣༦བྱུང་ཡོད་པ་དང་གཞན་ཡང་རྒྱ་ནག་དང་ལྷོ་ཀོ་རི་ཡ།ལྦིཏི་ནམ།སིང་ག་པོར།རྒྱ་གར་སོགས་ནང་འགོས་ནད་ཁྱབ་ཕྱིན་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎