ཚུལ་ཁྲིམས་ལགས་སུ་ཕེབས་བསུ།
2013.03.27

བོད་ནས་བཏང་འབྱོར།
༄༅། །ཉེ་ཆར་མདོ་སྨད་རྭ་རྒྱ་དགོན་དུས་འཁོར་གྲྭ་ཚང་གི་དབུ་མཛད་ཟུར་པ་ཚུལ་ཁྲིམས་ལགས་བཙོན་གྲོལ་ཐོབ་དེ་ཕྱིར་རང་དགོན་ལ་ཕེབས་སྐབས་སེར་སྐྱ་མི་མང་བརྒྱ་ཕྲག་མང་པོས་ཕེབས་བསུ་ཟབ་རྒྱས་ཞུས་འདུག དབུ་མཛད་ཟུར་པ་དང་། དགེ་བསྐོས་ཟུར་པ་ཚུལ་ཁྲིམས་ལགས་ནི། སྤྱི་ལོ་༢༠༠༩ ལོའི་གསུམ་བཅུའི་དུས་དྲན་ཉིན། མགོ་ལོག་ཁུལ་རྨ་ཆེན་རྫོང་། རྭ་རྒྱ་དགོན་པའི་ནང་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་བྱས་པའི་གནས་ཚུལ་ཐོན་རྗེས། རྒྱ་གཞུང་གིས་སྔ་རྗེས་དགེ་འདུན་པ་བརྒྱ་ཕྲག་ལྷག་འཛིན་བཟུང་བྱས་ནས་སྤྱི་ལོ་༢༠༠༩ ཟླ་༨ ཚེས་༡༣ཉིན་མགོ་ལོག་ཁུལ་རྨ་ཆེན་རྫོང་མི་དམངས་ཁྲིམས་ཁང་ཟེར་བས་མི་མང་པོ་ཞིག་ལ་དུས་ཡུན་ཟླ་༦ནས་ལོ་༧བར་གྱི་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་པ་དང༌། སྐབས་དེར་དུས་འཁོར་དགེ་བསྐོས་ཚུལ་ཁྲིམས་ལགས་ལ་ཡང་དུས་བཀག་བཙོན་འཇུག་ལོ་བཞིའི་ཁྲིམས་ཐག་བཅད་ཡོད་པ་རེད། །