༢༠༠༩ལོ་ནི་འཛམ་གླིང་ནང་གསར་འགོད་པ་རྐྱེན་འདས་མང་ཤོས།
2010.02.17
༄༅༎ཕྱི་ལོ་༢༠༠༩དེ་བཞིན་འཛམ་གླིང་ནང་གསར་འགོད་པ་མང་ཤོས་རྐྱེན་འདས་སུ་བཏང་བའི་ལོ་ཞིག་ཆགས་ཀྱི་ཡོད་སྐོར་རྒྱལ་སྤྱིའི་གསར་འགོད་རང་དབང་ཐོག་རྟོགས་ཞིབ་གནང་མཁན་ཚོགས་པ་ཞིག་གིས་གསུངས་འདུག།
གྲོང་ཁྱེར་ནིའུ་ཡོག་ནང་རྟེན་གཞི་གནང་བའི་གསར་འགོད་སྲུང་སྐྱོབ་ཚོགས་ཆུང་གིས་ཁ་ས་ལོ་འཁོར་སྙན་ཐོ་ཞིག་འདོན་སྤེལ་གནང་ཡོད་པའི་ནང། སྔ་ལོ་ཕྱི་ཟླ་༡༡པའི་ཚེས་༢༣ཉིན་ཕི་ལི་པིནསི་ལྷོ་ཕྱོགས་ཁུལ་ཆབ་སྲིད་ཀྱི་ངན་བསྐུལ་འོག་གསར་འགོད་པ་༢༩དང་ལས་རོགས་མི་༢སྡེབས་བསད་བཏང་བའི་དོན་རྐྱེན་བྱུང་ཡོད་པ་དེ་ནི་། ཚོགས་པ་དེས་གསར་འགོད་པའི་རང་དབང་ཐོག་རྟོགས་ཞིབ་གནང་བའི་འདས་པའི་ལོ་ངོ་༡༨ནང་ནས་གནས་ཚུལ་ཚབས་ཆེ་ཤོས་དེ་ཡིན་སྐོར་འགྲེལ་བརྗོད་གནང་བཞག།
དེ་བཞིན་གོང་ཞུས་ཚོགས་པ་དེས་ སྔ་ལོ་༢༠༠༩ལོར་ཨི་རན་གྱིས་གསར་འགོད་པའི་ཐོག་དམ་བསྒྲགས་ཤུགས་ཆེ་བྱས་ཡོད་པའི་སྐྱོན་བརྗོད་གནང་སྟེ། ཨི་རན་གྱིས་སྔ་ལོ་ཅིག་པུའི་ནང་གསར་འགོད་པ་༩༠ལྷག་འཛིན་བཟུང་བྱས་ཡོད་པ་དང༌། རྩོམ་སྒྲིག་པ་དང་རྩོམ་པ་པོ་ཉུང་མཐར་༢༣ཙམ་ཞིག་ད་དུང་མུ་མཐུད་བཀག་ཉར་བྱ་མུས་ཡིན་པ་ལྟར། ད་ལྟའི་འཆར་ཨི་རན་དེ་བཞིན་རྒྱ་ནག་གི་རྗེས་འཛམ་གླིང་ནང་ནས་གསར་འགོད་པ་འཛིན་བཟུང་མང་ཤོས་བྱེད་མཁན་གྱི་རྒྱལ་ཁབ་ཨང་གཉིས་པ་དེ་ཆགས་ཡོད་པའི་གནས་ཚུལ་བཏོན་གནང་འདུག།། གསར་འགོད་པའི་ཐོག་དམ་བསྒྲགས་ཤུགས་ཆེ་བྱེད་མཁན་རྒྱལ་ཁབ་ཨང་དང་པོ་རྒྱ་ནག་གི་ནང་གསར་འགོད་པ་༢༤ད་དུང་བཙོན་ཁང་ནང་ཡོད་པའི་སྐོར་གསར་འགོད་སྲུང་སྐྱོབ་ཚོགས་པས་ཞིབ་འཇུག་སྙན་ཐོའི་ནང་གསལ་བཏོན་གནང་བཞག
གོང་ཞུས་ཚོགས་པ་དེའི་འཛིན་སྐྱོང་ངེས་སྟོན་པ་ཇོལ་སའེ་མེན་ཡིས་སྙན་ཐོའི་ངོ་སྤྲོད་གླེང་བརྗོད་ནང༌། འཛམ་གླིང་སྤྱི་ཡོངས་ཀྱི་གསར་འགོད་རང་དབང་གོང་འཕེལ་དང་ཉེན་ཁ་མེད་པ་བཟོ་རྒྱུར་གསར་འགོད་པར་གནོད་འཚེ་བྱེད་མཁན་ཚོར་དྲང་བདེན་གྱི་སྒོ་ནས་ཁྲིམས་གཅོད་བྱ་རྒྱུ་དང༌། བཙོན་ཁང་ནང་བཀག་ཉར་བྱས་པའི་གསར་འགོད་པའི་གྲངས་ཚད་ཉུང་དུ་གཏོང་ཐབས། ཕྱིའི་ཡུལ་གྲུ་ཁག་ནང་བཙན་དབང་ཆེ་བའི་ཁོར་ཡུག་འོག་ལས་ཀ་བྱེད་མཁན་གསར་འགོད་པ་ཚོར་རྒྱབ་སྐྱོར་བྱ་རྒྱུའི་ཐབས་ལམ་གསར་པ་འཚོལ་ཞིབ་བྱ་རྒྱུ་དེ་གལ་གནད་ཆེན་པོ་ཡིན་སྐོར་འགྲེལ་བརྗོད་གནང་འདུག།
གསར་འགོད་སྲུང་སྐྱོབ་ཚོགས་པས་བཏོན་གནང་བའི་སྙན་ཐོ་དེའི་ནང༌། ༢༠༠༩ལོའི་ཕྱི་ཟླ་༡༢པའི་ཚེས་༡ཉིན་བར་ཐོ་འགོད་ཕྱོགས་སྒྲིག་གནང་བའི་བསྡོམས་རྩིས་གཞིར་བཟུང་འཛམ་གླིང་སྤྱི་ཡོངས་ནང་བཙོན་འཇུག་དོ་དམ་འོག་གནས་པའི་གསར་འགོད་པ་དང་རྩོམ་སྒྲིག་པ། པར་པ་སོགས་ཁྱོན་༡༣༦མིང་དོན་གནང་འདུག་པ་དེ་ནི་༢༠༠༨ལོ་ལས་གྲངས་༡༡མང་དུ་ཕྱིན་ཡོད་པ་རེད།