རྒྱ་ནག་གིས་ཨ་རི་དང་འབྲེལ་ལམ་ཡར་རྒྱས་ཡོང་བའི་རེ་བ།
2010.02.27
༄༅༎རེས་གཟའ་སྤེན་པའི་ཉིན་རྒྱ་ནག་གི་སྲིད་བློན་ལྦེན་ཇིཡ་བའོས་ཕྱི་ལོ་༢༠༡༠འི་ལོ་འདི་ཨ་མི་རི་ཀ་དང་དཔལ་འབྱོར་དང་ཚོང་དོན་གྱི་འབྲེལ་ལམ་ཐད་ཞི་བདེ་མིན་པའི་ལོ་ཞིག་མི་ཆགས་པའི་རེ་བ་ཡོད་ཅེས་བརྗོད་འདུག།
རྒྱ་ནག་གི་སྲིད་བློན་གྱི་གཏམ་བཤད་དེ་རྒྱ་ནག་རྒྱལ་ཡོངས་སུ་རྒྱང་སྲིངས་བྱས་པའི་དྲ་རྒྱའི་ཐོག་གི་བགྲོ་གླེང་ཞིག་གི་སྐབས་བརྗོད་ཡོད་འདུག་ཅིང་དྲ་རྒྱའི་ལས་རིམ་དེ་རྒྱ་ནག་གཞུང་འབྲེལ་གྱི་དྲ་རྒྱ་དང་ཤིན་ཧུའ་གསར་ལས་ཁང་གི་དྲ་རྒྱའི་ལམ་ནས་རྒྱང་སྲིངས་བྱས་ཡོད་པ་རེད།
སྐབས་དེར་ལྦེན་ཇིཡ་བའོར་དྲ་རྒྱའི་ཐོག་རྒྱ་ནག་དང་ཨ་མི་རི་ཀའི་དབར་གྱི་ཚོང་དོན་གྱི་རྩོད་རྙོག་ཇེ་ཆེར་འགྲོ་བཞིན་པའི་གནད་དོན་ཐད་དྲི་བ་ཞིག་བྱུང་བ་དེར་ལན་འདེབས་སྐབས་ ལྦེན་ཇིཡ་བའོས་ རྒྱ་ནག་དང་ཨ་མི་རི་ཀའི་དབར་ཚོང་དོན་གྱི་རྩོད་རྙོག་ཡོད་པ་ཁག་འདྲ་མཉམ་གྱི་རང་བཞིན་ལྡན་པའི་གྲོས་མོལ་གྱི་ལམ་ནས་སེལ་ཐབས་བྱེད་དགོས་པ་ལས་ དཔལ་འབྱོར་གྱི་ཉེས་ཆད་གཏོང་བའི་ལམ་ལུགས་བེད་སྤྱོད་བྱེད་རྒྱུ་མེད་པ་བརྗོད་ཡོད་པ་རེད་ལ་ ད་དུང་ལྦེན་ཇིཡའ་བོས་ཡུལ་གྲུ་གཉིས་དབར་འབྲེལ་ལམ་བཟང་པོ་ཞིག་དགོས་རྒྱུ་ནི་ཕྱོགས་གཉིས་ཀར་ཕན་ཐོགས་ཡོད་པ་ཞིག་ཡིན་པ་དང་ ཨ་མི་རི་ཀའི་ངོས་ནས་རྒྱ་ནག་ལ་ཚད་མཐོའི་འཕྲུལ་རིག་ཚོང་བསྒྱུར་བྱ་རྒྱུར་དམ་བསྒྲགས་བྱེད་བཞིན་ཡོད་པ་དེ་དག་ཕྱིར་བསྡུ་དགོས་ལུགས་ཀྱང་བརྗོད་ཡོད་པ་རེད།
ལྦེན་ཇིཡའ་བའོས་རྒྱ་ནག་ལ་ཚད་མཐོའི་འཕྲུལ་རིག་ཚོང་བསྒྱུར་ཐད་ཀྱི་དམ་དྲག་ཕྱིར་བསྡུ་བྱེད་ཚེ་ཡུལ་གྲུ་གཉིས་དབར་ཡོད་པའི་ཚོང་དོན་བར་ཁྱད་ཆུང་དུ་འགྲོ་རྒྱུར་ཕན་ཐོགས་འབྱུང་སྲིད་ཡིན་པ་ཡང་བརྗོད་འདུག།
འདས་པའི་ཟླ་བ་འགའ་ཤས་ནས་བཟུང་ཨ་མི་རི་ཀ་དང་རྒྱ་ནག་དབར་ཚོང་དོན་དང་རྒྱ་ནག་གི་དངུལ་ལོར་གྱི་རྫ་ཐང་དེ་བཞིན་གུའུ་གལ་ཁེ་གཉེར་ལས་ཁང་གི་གནད་དོན་དང་ ཡང་ཆབ་སྲིད་ཀྱི་ཐོག་ནས་ཨ་མི་རི་ཀས་ཐའེ་ལྦན་ལ་གོ་མཚོན་ཚོང་བསྒྱུར་བྱ་རྒྱུའི་ཐག་གཅོད་དང་ ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་སྲིད་འཛིན་ཨོ་སྦ་མ་རྣམ་གཉིས་ཨ་མི་རི་ཀའི་སྲིད་འཛིན་གྱི་ཕོ་བྲང་དཀར་པོའི་ནང་མཇལ་འཕྲད་གནང་པ་སོགས་ཀྱི་གནད་དོན་གྱི་རྐྱེན་པས་ཨ་མི་རི་ཀ་དང་རྒྱ་ནག་གི་འབྲེལ་བ་དེ་ཀྱག་ཀྱོག་རང་བཞིན་ཅན་ཞིག་གི་ཐོག་བསྐྱོད་བཞིན་ཡོད་པ་རེད།།