རྒྱ་ནག་གཞུང་གི་བཏོན་པའི་བོད་སྐོར་གྱི་རྒྱབ་ཤ་དཀར་པོའི་དེབ་ནང་བོད་ཅེས་པའི་ཐ་སྙད་བཙན་ཐབས་ཀྱིས་བསྒྱུར་ཏེ་བོད་མི་རིགས་རྩ་མེད་བཟོ་ཐབས་བྱེད་བཞིན་པ་ཡིན་སྐོར། བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པས།

ཕྱི་ཟླ་༡༡་ཚེས་༡༠་ཉིན་རྒྱ་ནག་དམར་ཤོག་ཚོགས་པའི་དབུས་གསར་འགྱུར་གཞུང་དོན་ཁང་ཟེར་བའི་དྲིལ་བསྒྲགས་ལས་ཁུངས་ནས། བོད་སྐོར་ལ་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་ལེན་དང་དེའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་ཅིག་བཏོན་ཏེ། རྒྱབ་ཤ་དཀར་པོའི་དེབ་དེའི་ནང་དོན་ཚན་དྲུག་པ་དབྱེ་ཡོད་པ་ལས། བོད་ནང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཕྱོགས་ཡོངས་ནས་ལག་བསྟར་དང་། བོད་ནང་བསམ་པའི་དཔལ་ཡོན་སྲོལ་གཏོད་ཀྱི་གྲུབ་འབྲས་མངོན་གསལ་དོད་པ། མི་རིགས་ཆོས་ལུགས་ཀྱི་ལས་དོན་ལ་གྲུབ་འབྲས་བྱུང་བ། སྤྱི་ཚོགས་སྤྱི་ཡོངས་བརྟན་ལྷིང་དང་ཡར་རྒྱས་ཡོད་པ། སྐྱེ་ཁམས་བདེ་འཇགས་ཉིན་བཞིན་སྲ་བརྟན་དུ་སོང་བ། དམངས་གཙོ་དང་ཁྲིམས་ཀྱིས་སྐྱོང་བར་་ཤུགས་སྣོན་བརྒྱབ་པ་བཅས་བཀོད་འདུག་པས། བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ནས།རྒྱ་ནག་གཞུང་གིས་བོད་སྐོར་གྱི་རྒྱབ་ཤ་དཀར་པོའི་དེབ་ཟེར་བ་དེ། དམར་ཤོག་ཚོགས་པའི་ཆབ་སྲིད་ཀྱི་དགོས་མཁོ་ཞིག་གི་ཆེད་དུ་ཡིན་པ་ལས། དེབ་ནང་དུ་བོད་ནང་གི་དངོས་ཡོད་གནས་ཚུལ་དང་མི་མཐུན་གནས་ཚུལ་རྐྱང་འཁྱོག་བཤད་དང་། བོད་མིའི་མངོན་འདོད་དང་རྩ་བ་ཉིད་ནས་མི་མཐུན་པ་ཞིག་སྟབས། རྒྱབ་ཤ་དཀར་པོའི་དེབ་དེ་དྲང་བདེན་མ་ཡིན་པ་ཞིག་དང་རྫུན་གཏམ་ཞིག་ཏུ་ངོས་འཛིན་བྱེད་བཞིན་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་།
གཞན་ཡང་རྒྱབ་ཤ་དཀར་པོའི་དེབ་འདི་ནང་བོད་ཀྱི་ས་ཁུལ་མང་པོའི་ནང་བོད་ཀྱི་རིག་གཞུང་སྲུང་སྐྱོབ་ལྟེ་གནས་ཆེད་འཛུགས་དང་། སློབ་གྲྭ་ཆུང་འབྲིང་ཁག་ཏུ་བོད་ཡིག་སློབ་ཁྲིད་དང་། དགོན་སྡེ་ཁག་ཏུ་རྒྱ་སྒོར་ས་ཡ་ལྷག་བཏང་སྟེ་ཡར་རྒྱས་བཏང་ཡོད་སྐོར་དང་། ཆོས་ལུགས་ཀྱི་གྲུབ་འབྲས་ཟེར་བའི་ནང་དངོས་སུ་མིང་འབོད་ཀྱིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་པན་ཆེན་རིན་པོ་ཆེ་གཙོས་བོད་ཀྱི་བླ་ཆེན་ཁག་གི་ཡང་སྲིད་ངེས་པར་དམར་ཤོག་ཚོགས་པའི་དབང་བསྒྱུར་འོག་གི་ས་ཁུལ་དུ་ངོས་འཛིན་དགོས་སྐོར་བཀོད་འདུག་ལ། ཡང་མགྲིན་ཚབ་པ་ལེགས་བཤད་ལགས་ནས་མུ་མཐུད་རྒྱ་ནག་གཞུང་ལ་ལོ་རྒྱུས་ངོས་ནས་༧གོང་ས་མཆོག་གི་ཡང་སྲིད་ངོས་འཛིན་གྱི་བདག་དབང་རྩ་ནས་ཡོད་པ་མ་རེད་ལ། ཐེངས་འདིར་དེ་ལྟར་བཤད་པ་ནི་དམར་ཤོག་ཚོགས་པ་ཁོ་རང་ཚོའི་དགོས་མཁོ་ཙམ་ལས།ལོ་རྒྱུས་དང་ད་ལྟའི་གནས་སྟངས་གང་གི་ཆ་ནས་དོན་དངོས་མིན་པའི་འཁྱོག་བཤད་ཅིག་ཡིན་སྐོར་འགྲེལ་བརྗོད་གནང་བྱུང་།
ཡང་རྒྱབ་ཤ་དཀར་པོའི་དེབ་ནང་བོད་སྐད་ཡིག་ཡར་རྒྱས་ཐད་སློབ་གྲྭ་ཁག་ཏུ་བོད་ཡིག་སློབ་ཁྲིད་གཙོས་བོད་སྐད་ཡིག་ནང་གསར་འགྱུར་དང་བརྙན་འཕྲིན་ཡོད་སྐོར་དང་། དེ་མིན་ས་གནས་ཁག་ཁྲོམ་ལམ་སོགས་སུ་བོད་སྐད་ཡིག་མཐོང་རྒྱུ་ཡོད་པ་དང་། རྒྱ་ནག་ཚོགས་ཆེན་༡༨་རྗེས་ནས་བཟུང་བོད་སྐད་ཡིག་ནང་ཐ་སྙད་སྒྱུར་བཟོ་ཚན་པ་གོ་སྒྲིག་དང་། མི་མང་སྤྱི་ཡོངས་ཀྱི་བོད་སྐད་ཡིག་བཀོལ་སྤྱོད་ཀྱི་གནས་བབ་ཡར་རྒྱས་འགྲོ་བཞིན་པ་སོགས་བཀོད་འདུག་ལ། རྒྱབ་ཤ་དཀར་པོའི་ནང་དུ་ནམ་རྒྱུན་དང་མ་འདྲ་བ་ཞིག་ལ། བོད་ཅེས་པའི་ཐ་སྙད་ཚབ་ཏུ་རྒྱ་ནག་གཞུང་གིས་བཙན་ཐབས་ཀྱིས་སྤྱོད་བཞིན་པའི་ཤེ་ཙང་ཞེས་བསྒྱུར་སྟེ། བོད་མི་རིགས་དང་ལོ་རྒྱུས་དང་བཅས་པ་བཙན་ཐབས་ཀྱིས་རྩ་མེད་བཟོ་ཐབས་ཤིག་བྱེད་བཞིན་ཡོད་པས། བོད་སྐད་དང་བོད་ཡིག་བསླབ་བཞིན་པ་སོགས་དོགས་གཞིའི་གནས་ཤིག་ཡིན་པ་འགྲེལ་བརྗོད་གནང་བྱུང་།
རྒྱ་ནག་གིས་བོད་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་ནས་བཟུང་བོད་ནང་སྤྱི་ཚོགས་དང་དཔལ་འབྱོར་། ཆོས་ལུགས་དང་སློབ་གསོས་ཡར་རྒྱས་ཕྱིན་པའི་གྲུབ་འབྲས་ཡིན་སྐོར་བཀོད་ཡོད་པ་དང་། དེ་མིན་དེབ་དེའི་དབྱིན་ཡིག་དཔར་མའི་ནང་བོད་Tibetཅེས་པའི་ཐ་སྙད་ཐེངས་༧༡་དང་Xizangཞེས་པ་ཐེངས་༢༠༠་བཀོད་ཡོད་པ་དང་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཚན་ཐེངས་གཉིས་བཅས་བཀོད་འདུག་ལ། རྒྱ་ནག་གཞུང་གིས་ཁ་བྲལ་དང་ཟིང་རྙོག་བཟོ་མཁན་ཁག་ལ་ཐག་ཉེ་བོས་ངང་ལྟ་རྟོགས་དང་དོ་ནན་བྱེད་བཞིན་ཡོད་སྐོར་དང་། མཇུག་བསྡོམས་ནང་བོད་ནང་མུ་མཐུད་བརྟན་བརླིང་ཡོང་ཆེད་མི་རིགས་མཐུན་སྒྲིལ་དང་རྒྱ་ནག་གཅིག་གི་འདུ་ཤེས་དང་། དམར་ཤོག་ཚོགས་པའི་སྲིད་བྱུས་ཁག་ཕུགས་རྒྱང་རིང་བོ་དང་ཆ་ཚང་བའི་ངང་ལག་བསྟར་བྱ་རྒྱུ་ཡིན་སྐོར་བརྗོད་འདུག
གསར་འགོད་པ། དཔལ་འབར། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་།
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།