བདེ་སྐྱིད་ཀྱི་ཤེས་རབ་ཅེས་པའི་གློག་བརྙན་དེ་བཞིན་ཕྱི་ཟླ་༡༠ ཚེས་༨ རེས་གཟའ་ལྷག་པའི་ཉིན་དགོང་མོ་ཆུ་ཚོད་༦ ཐོག་ཟུ་རིཆ་གློག་བརྙན་དུས་སྟོན་ཐོག་ཐོག་མར་གཟིགས་འབུལ་གནང་རྒྱུ་ཡིན་པ་རེད།
བདེ་སྐྱིད་ཀྱི་ཤེས་རབ་ཅེས་པ་ནི་སུད་སིའི་དངོས་བྱུང་གློག་བརྙན་ཞིག་ཡིན་ཞིང་། གློག་བརྙན་འདིའི་ནང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཞི་བ་དང་བདེ་སྐྱིད་བྱམས་སེམས་སྐོར་བཀའ་སྩལ་རྒྱུ་དང་། དེ་བཞིན་དངོས་བྱུང་གློག་བརྙན་འདིའི་ནང་ བོད་གཞུང་ཡིག་ཚགས་ཁང་ནས་དེ་སྔོན་འགྲེམས་སྤེལ་བྱེད་མྱོང་མེད་པའི་ཡིག་ཆ་ཁག་གཅིག་ཡང་བཏོན་རྒྱུ་ཡིན་པ་རེད་།
དངོས་བྱུང་གློག་བརྙན་བདེ་སྐྱིད་ཀྱི་ཤེས་རབ་ཅེས་པ་གཟིགས་འབུལ་གྱི་མཛད་སྒོའི་ཐོག་རི་ཆར་གྲི་ གལ་ཡིས་གློག་བརྙན་བཟོ་སྐྲུན་བཀོད་སྒྲིག་ལག་བསྟར་པའི་མཚན་ཐོག་ནས་ལྷན་ཞུགས་གནང་རྒྱུ་དང་། དེ་བཞིན་སྐུའི་གཅུང་མོ་རྗེ་བཙན་པད་མ་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་སོགས་ལྷན་ཞུགས་གནང་རྒྱུ་ཡིན་འདུག
གློག་བརྙན་འདིའི་འཁྲབ་ཁྲིད་པ་ནི་བྷར་བྷ་ར་མི་ལར་ Barbara Millerདང་ཕི་ལིབ་ཌེ་ལ་ཁི་སི་(Philip Delaquis)ཡིན་པ་རེད་།

གློག་བརྙན་གཟིགས་འབུལ་མ་ཞུས་སྔོན་འབྲེལ་ཡོད་ཚོར་གསོལ་སྟོན་ཞིག་འདེགས་འབུལ་ཞུས་ཡོད་པ་བཞིན་འབྲེལ་ཡོད་གནས་ཚུལ་སྐོར་འདི་གའི་རྩོམ་སྒྲིག་འགན་འཛིན་རིག་ལྡན་སྒྲོལ་མ་ལགས་ཀྱིས་སུད་སི་གསར་འགོད་པ་རབ་གང་ཚེ་རིང་ཕུན་ཚོགས་ལགས་སུ་བཀའ་འདྲི་ཞུས་པ་ཞིག་གཤམ་ལ་གསན་རོགས་གནང་།
གསར་འགོད་པ། རིག་ལྡན་སྒྲོལ་མ། རབ་སྒང་ཚེ་རིང་ཕུན་ཚོགས།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།