མཐོ་སྒང་ཡུན་གནས་ཐུབ་པའི་མི་ཚེ་སྐྱེལ་སྟངས་ལ་གུས་བརྩི་དགོས།
2015.12.03
བོད་པའི་འབྲོག་པ་ཚོའི་རྣམ་དཔྱོད་བློ་གྲོས་དང་ཡུན་གནས་ཐུབ་པའི་མི་ཚེ་སྐྱེལ་སྟངས་ལ་རྒྱལ་སྤྱི་དང་རྒྱ་ནག་གིས་གུས་བརྩི་གནང་རྒྱུའི་འབོད་སྐུལ།
དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ཁོར་ཡུག་ཉམས་ཞིབ་པ་འཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་ཀྱིས། བོད་ཀྱི་ས་སྐྱེས་རྡོ་སྐྱེས་ཀྱི་མི་རིགས་ཀྱི་རྣམ་དཔྱོད་བློ་གྲོས་དང་བོད་པའི་འབྲོག་པ་ཚོས་ཁོར་ཡུག་སྲུང་སྐྱོབ་གནང་བཞིན་པ་ཁག་ལ་འཛམ་གླིང་གི་དབུ་ཁྲིད་དང་། ལྷག་དོན་དུ་རྒྱ་ནག་གཞུང་གིས་གུས་བརྩི་ཞུ་དགོས་སྐོར་ཕ་རན་སིའི་རྒྱལ་ས་པེ་རིས་ནང་འཚོགས་བཞིན་པའི་གནམ་གཤིས་འགྱུར་ལྡོག་སྐོར་གྱི་ཚོགས་ཆེན་COP༢༡་པའི་ཐོག་གསུངས་འདུག ས་སྐྱེས་རྡོ་སྐྱེས་ཀྱི་མི་རིགས་ཚོས་གོ་ལའི་གནམ་གཤིས་འགྱུར་ལྡོག་ལ་གདོང་ལེན་གནང་ཕྱོགས་ཀྱི་འཆར་སྣང་ཞེས་པའི་བཞུགས་མོལ་ཚོགས་འདུ་ཞིག་རྒྱལ་ས་པེ་རིས་ནང་གི་Nelson Mandela Hall་ཚོགས་ཁང་གནང་བ་དང་། དེའི་ནང་ཁོར་ཡུག་སྲུང་སྐྱོབ་པ་དང་ཕྱི་རྒྱལ་གྱི་སྐུ་ཚབ་འཐུས་མི་སོགས་མི་གྲངས་༣༠༠་ལྷག་ཆེད་ཕེབས་གནང་སྐབས། འཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་ཀྱིས་འཛམ་གླིང་གི་ཡང་ཐོག་དང་འཛམ་གླིང་གི་སྣེ་གསུམ་པར་ངོས་བཟུང་བ། དེ་བཞིན་ཨེ་ཤེ་ཡའི་རྒྱུག་ཆུ་ཆེ་ཁག་གི་འབྱུང་ཁུངས་ཡིན་པ་སོགས་བོད་མཐོ་སྒང་དེར་གལ་གནད་ཆེན་པོ་ཇི་ཡིན་གསལ་བཤད་གནང་སྟེ་གསུང་བཤད་དབུ་འཛུགས་གནང་བ་དང་། ཁོང་ནས་བོད་པའི་འབྲོག་པ་ཚོའི་རྣམ་དཔྱོད་བློ་གྲོས་དང་ཡུན་གནས་ཐུབ་པའི་མི་ཚེ་སྐྱེལ་སྟངས་སྐོར་གསུངས་པ་དང་། བོད་ནི་འཛམ་གླིང་ནང་ནས་ས་མཐོ་སྒང་སྙིང་རྗེ་ཤོས་དེ་ཡིན་པ་དང་། དེའི་ནང་སྔ་མོའི་རིག་གཞུང་དར་བ་དང་བོད་མི་རྣམས་རང་བཞིན་ཁོར་ཡུག་དང་མཉམ་གནས་ཡོད་རུང་། ད་ཆ་རྒྱ་ནག་གཞུང་གིས་བོད་མིའི་ཐོག་དྲག་གནོན་ཆེ་བའི་སྲིད་ཇུས་འཛིན་བཞིན་པ་དང་། གནམ་གཤིས་འགྱུར་བ་འགྲོ་བཞིན་པའི་རྐྱེན་གྱིས་བོད་ས་དང་བོད་མི་མང་གཉིས་ཀར་ཉེན་ཚབས་ཆེ་བའི་གནས་སྟངས་ལ་གདོང་ལེན་བྱེད་མུས་ལ་ཐུགས་འཚབ་ཆེན་པོ་ཡོད་སྐོར་ཡང་གསུངས་འདུག
ད་དུང་ཁོང་ནས་རྒྱ་ནག་གཞུང་གིས་བོད་པའི་འབྲོག་པ་ཚོ་བཙན་ཤེད་ཀྱིས་གནས་སྤོ་འམ་གཞིས་ཆགས་སུ་བཅུགས་ནས་རང་གི་སྲོལ་རྒྱུན་གྱི་མི་ཚེ་སྐྱེལ་སྟངས་ལ་འགྱུར་བ་གཏོང་གི་ཡོད་པའི་གནས་ཚུལ་ཁག་གསལ་བཤད་གནང་བ་དང་། དུས་མཚུངས་བོད་ཀྱི་ཆོས་དང་རིག་གཞུང་སོགས་ལ་གུས་བརྩི་ཞུ་དགོས་པའི་འབོད་སྐུལ་ནན་པོ་གནང་འདུག
གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།