ཞི་སྲས་ཚང་ཡེ་ཤེས་ལགས་ཀྱིས་ཡོ་རོབ་ཀྱི་དྲག་རྩལ་འགྲན་བསྡུར་ཆེད་ལས་པའི་རྟིང་རྩོད་ཁྲོད་ཨང་དང་པོའི་རྒྱལ་ཁ་བླངས་འདུག

༢༠༢༤ཟླ་༤ཚེས་༢༡ཉིན་རྒྱལ་སྤྱིའི་དྲག་རྩལ་དང་ཁུ་ཚུར་རྩལ་འགྲན་ཚོགས་པ་ (World Karate and Kickboxing Union)ཞེས་པས་(WKU European Champion)ཞེས་ཡོ་རོབ་ཀྱི་དྲག་རྩལ་འགྲན་བསྡུར་ཆེད་ལས་པའི་རྟིང་རྩོད་གོ་སྒྲིག་གནང་པའི་འགྲན་བསྡུར་ཁྲོད། སུད་སིར་གནས་བཞུགས་ཞི་སྲས་ཚང་ཡེ་ཤེས་ལགས་དང་ཁོང་གི་འགྲན་ཡ་ཨི་ཊ་ལི་ (Italy)ནས་ཡིན་པའི་ ནི་ཀོ་ལ་ ལ་མོ་ན་ཊོ་(Nicola Lamonato)ལགས་གཉིས་ཀྱིས་ལྗིད་ཚད་སྤྱི་རྒྱ་(Kilo)་༧༠ཁོངས་གཏོགས་ཀྱི་དྲག་རྩལ་འགྲན་བསྡུར་གནང་ཡོད་པ་དང་། སྐབས་དེར་གཟིགས་མོ་བ་ཕོན་ཆེ་འདུ་འཛོམས་བྱུང་པའི་སར་ཁོང་གཉིས་ཀྱིས་སྐར་མ་༦ཙམ་གྱི་རིང་དྲག་རྩལ་འགྲན་བསྡུར་གནང་མཐར། ཞི་སྲས་ཚང་ཡེ་ཤེས་ལགས་ཀྱིས་འགྲན་ཡ་དེའི་རྐང་པ་གཡས་ཕྱོགས་ལ་རྡོག་རྒྱག་བཞུས་ནས་ཡར་ལངས་མ་ཐུབ་པ་བཟོས་རྗེས་མཐའ་མའི་རྒྱལ་ཁ་དེ་ཞི་སྲས་ཚང་ཡེ་ཤེས་ལགས་ལ་ཐོབ་འདུག
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ཞི་སྲས་ཚང་ཡེ་ཤེས་ལགས་ཀྱིས། ཁོང་རྩལ་འགྲན་ཐེངས་༡༦ཙམ་ནང་མཉམ་ཞུགས་བྱས་ནས་རྒྱལ་ཁ་རིམ་པ་ཐོབ་པ་དང་། མཐར་ཡོ་རོབ་དྲག་རྩལ་དང་ཁུ་ཚུར་རྩལ་འགྲན་ཀྱི་རྟིང་རྩོད་ཁྲོད་༢༠༢༤ལོར་གོ་སྐབས་དེ་ཐོབ་པ་མ་ཟད། རྒྱལ་ཁ་ལོན་ཐུབ་པ་ཐེངས་དང་པོ་ཡིན་པས་ཧ་ཅང་དགའ་ཚོར་བྱུང་ཞེས་དང་། ཁོང་ལ་ཁུ་ཚུར་རྩལ་འགྲན་གྱི་གཟེངས་རྟགས་བྱ་དགའ་སྐེ་རགས་དང་དངུལ་ཡང་ཐོབ་ཡོད་པ་མ་ཟད། དེ་དང་མཉམ་དུ་མ་འོངས་པར་གོ་སྐབས་དེ་བས་མང་བ་རག་རྒྱུ་ཡིན་དུས། མ་འོངས་པར་རྒྱལ་སྤྱིའི་ཁུ་ཚུར་རྩལ་འགྲན་ནང་མཉམ་ཞུགས་བྱེད་རྒྱུའི་དམིགས་ཡུལ་ཡོད་པས་དེའི་ཆེད་སྦྱོང་བརྡར་མང་པོ་བྱེད་རྒྱུ་ཡིན་སྐོར་གསུངས་བྱུང་།
བོད་རིགས་ན་གཞོན་ཞི་སྲས་ཚང་ཡེ་ཤེས་ལགས་ནི་དྲག་རྩལ་ཆེད་ལས་པ་ཞིག་ཡིན་པ་དང་། ཁོང་གིས་ནམ་རྒྱུན་དུ་དྲག་རྩལ་འགྲན་བསྡུར་གྱི་སྐབས་སུ་བོད་ཀྱི་རྒྱལ་དར་འཁོད་པའི་སྟོད་གོས་དང་། དེའི་སྟེང་ཆོལ་གསུམ་བོད་མི་ཆིག་སྒྲིལ་ཞེས་པའི་བོད་ཡིག་གི་ཡིག་འབྲུ་དེ་དག་འཁོད་ཡོད་པ་རེད། དེ་བཞིན་དྲག་རྩལ་འགྲན་བསྡུར་གྱི་སྐབས་སུ་ཡེ་ཤེས་བོད་ཅེས་(Yeshi Tibet)ཅེས་པའི་མིང་བྱང་འོག་དུ་དྲག་རྩལ་འགྲན་བསྡུར་ནང་མཉམ་ཞུགས་བྱས་མྱོང་བ་མ་ཟད། སུད་སི་ནང་གི་དྲག་རྩལ་འགྲན་བསྡུར་ཁྲོད་རྒྱལ་ཁ་ཐོབ་མྱོང་ཡོད་མཁན་ཞིག་རེད་འདུག་ལ། ད་ཐེངས་འགྲན་བསྡུར་དེའི་སྐབས་སུ་ཁོང་གི་རྒྱབ་སྐྱོར་བ་ཚོས་དྲག་རྩལ་རྩལ་འགྲན་གྱི་སྔ་ཕྱིར་བོད་ཀྱི་རྒྱལ་དར་འཕྱར་བ་སོགས་ཁོང་ལ་རྒྱབ་སྐྱོར་དང་རྟེན་འབྲེལ་ཞུས་འདུག
རང་ལོ་༣༠ཞི་སྲས་ཚང་ཡེ་ཤེས་ལགས་ནི་སུད་སིར་སྐྱེས་ཤིང་། ཁམས་ཏྲེ་ཧོར་བསྟན་དར་ཞི་སྲས་ཚང་གི་བུ་ཡིན་པ་དང་། ཁོང་གི་སྤུན་མཆེད་རྒན་པས་ཀྱང་དྲག་རྩལ་སྦྱོང་བརྡར་ཁང་ཞིག་བཙུགས་ནས་དེའི་ནང་དྲག་རྩལ་སློབ་ཀྱི་ཡོད་པ་དང་སྦྱོང་བསྡར་བྱེད་མཁན་སློབ་ཕྲུག་ཡང་མི་ཉུང་བ་ཞིག་ཡོད་འདུག
ཡང་འདི་ལོའི་ཕྱི་ཟླ་ ༢ ཚེས་ ༣ ཉིན་ཨ་རིའི་གྲོང་ཁྱེར་(Las Vegas)རུ་འཚོགས་པའི་ཨ་རིའི་(UFC featherweight finals)རྒྱལ་སྤྱིའི་ཁུ་ཚུར་དྲག་རྩལ་རྟིང་རྩོད་འགྲན་བསྡུར་ཁྲོད། བོད་རིགས་ཁུ་ཚུར་དྲག་རྩལ་བ་གཡུ་སྒྲ་ལགས་ཀྱིས་འགྲན་ཐུན་དང་པོར་འགྲན་ཡུན་སྐར་མ་གསུམ་དང་སྐར་ཆ་གསུམ་གྱི་ནང་ཁ་གཏད་ (Kaiwen)ཕམ་ཉེས་བཏང་ནས་རྒྱལ་ཁ་བླངས་ནས་ད་ཆ་ཁོང་ཨ་རིའི་ (UFC)རྒྱལ་སྤྱིའི་ཁུ་ཚུར་དྲག་རྩལ་པར་གྱུར་ཡོད་པ་རེད།
ཁོང་ནི་རྒྱ་ནག་གཞུང་གིས་བཅད་བགོས་བྱས་པའི་རྔ་པ་བོད་རིགས་རང་སྐྱོང་ཁུལ་ཁྱུང་ཆུ་ནས་ཡིན་པ་དང་། ཁོང་ཡང་བོད་ཀྱི་དྲག་རྩལ་བ་མགོན་པོ་ལགས་ཀྱིས་བཙུགས་པའི་མགོན་པོ་དྲག་རྩལ་ཁང་གི་སློབ་མ་ཞིག་ཡིན་འདུག།
གསར་འགོད་པ། རྡོ་རྗེ་དགྲ་འདུལ།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།