བོད་དོན་གོ་རྟོགས་གོང་སྤེལ་གྱི་ཟབ་སྦྱོང་།
2013.01.25
༄༅། །ད་རེས་ཀྱི་ཟབ་སྦྱོང་དེའི་ནང་ཨ་སི་ཊོ་ལི་ཡའི་གྲོང་ཁྱེར་སིཌ་ཎི་གཙོས་པའི་ས་གནས་ཁག་དྲུག་ནས་བོད་མི་ན་གཞོན་༣༡ མཉམ་ཞུགས་བྱས་ཡོད་པ་དང༌། ཟབ་སྦྱོང་དེའི་རིང་ལ་ཨོ་སི་ཊོ་ལི་ཡའི་ཁུལ་དུ་གནས་ཤིང་། བོད་དོན་ཐོག་ལ་ཕྱག་ལས་གནང་མཁན་ཆེད་ལས་པ་དང༌། མཁས་དབང༌། ཉམས་ཞིབ་པ། གཞུང་ཞབས་བཅས་ཁྱོན་གསུང་བཤད་གནང་མཁན་བོད་མི་༡༡ གདན་ཞུ་གནང་སྟེ། བོད་མི་ན་གཞོན་ཁོང་རྣམས་ལ་བོད་ཀྱི་ཆོས་དང་རིག་གཞུང༌། རྒྱལ་རབས་ལོ་རྒྱུས། བོད་ནང་གི་གནས་སྟངས། བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ། བོད་མི་ན་གཞོན་ནང་ཁུལ་ཕན་ཚུན་འབྲེལ་ལམ་བྱེད་སྟངས། བོད་དོན་སྙན་སེང་དང་ལས་འགུལ་སྤེལ་ཕྱོགས། བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གི་གནས་སྟངས། བོད་ནང་གི་ཁོར་ཡུག་གི་གནས་སྟངས་སོགས་ངོ་སྤྲོད་གནང་ཡོད་པ་རེད། ད་དུང་ན་གཞོན་རྣམས་ལ་བོད་དོན་སྐོར་དྭོགས་འདྲི་ཡོད་པ་ཁག་ལ་དྲི་བ་འདྲི་ལན་གྱི་གོ་སྐབས་ཀྱང་ཕུལ་ཡོད་པ་རེད།