༸གོང་ས་མཆོག་གིས་རྒྱ་གར་ཞི་བའི་ལྟ་གྲུབ་ལ་བསྔགས་བརྗོད།
2011.02.20
༄༅༎བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ནང་དར་བའི་འཚེ་མེད་ཞི་བའི་ལྟ་འགྲུབ་དང་། ཆོས་ལུགས་མཐུན་བསྒྲིལ་གྱི་བསླབ་བྱ་འཛམ་གླིང་ཁྱོན་ཡོངས་ཀྱིས་ལེན་དགོས་པའི་བཀའ་སློབ་གནང་འདུག
དེ་ཡང་འཚེ་མེད་ཞི་བའི་ལྟ་གྲུབ་དང་། ཆོས་ལུགས་མཐུན་བསྒྲིལ་གཉིས་ནི་རྒྱ་གར་གྱི་གཅེས་ནོར་ཡིན་ཞིང༌། ཕྱིའི་རྒྱལ་ཁབ་ཁག་ལ་མིག་དཔེ་བཟང་པོར་འགྱུར་ཡོད་ཅེས་༸གོང་ས་མཆོག་གིས་རྒྱ་གར་གྱི་གྲོང་ཁྱེར་མུམ་སྦའེ་གཙུག་ལག་སློབ་གྲྭ་ཆེན་མོར་སྔ་རབས་ཀྱི་ཤེས་རབ་དང་དེང་དུས་ཀྱི་ཀུན་སློང་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བསྩལ་གནང་འདུག ཁྱད་པར་དུ་རྒྱ་གར་གྱི་མེས་པོ་དམ་པ་མ་ཧཏ་མ་གན་རྡི་ཡིས་བསྟན་པའི་འཚེ་མེད་ཞི་བ་དང་འཆམ་མཐུན་ལྟ་གྲུབ་ནི། མའར་ཊིན་ལུ་ཐར་ཀིང་དང༌། ནེལ་སེན་མན་ཌེ་ལ་གཉིས་སོགས་འཛམ་གླིང་དབུ་ཁྲིད་ཚོས་ངོས་འཛིན་དང་ཕྱག་བསྟར་གནང་ཡོད་ཅེས་༸གོང་ས་མཆོག་གིས་གསུངས་གནང་འདུག ཕྱོགས་མཚུངས་རྒྱ་གར་གྱི་རྩ་ཁྲིམས་ནང་ཆོས་ལུགས་རིས་མེད་འཁོད་ཡོད་པས་རྒྱ་གར་བ་ཚོས་སྤྱི་ཚོགས་དང་ཆོས་ལུགས་ཚང་མར་གུས་བཀུར་བྱེད་ཀྱི་ཡོད་ཅིང༌། རྒྱ་གར་ནང་སྔ་རབས་ནས་དར་བའི་ལྟ་གྲུབ་དེ་དག་འཛམ་གླིང་ཁྱོན་ཡོངས་ནང་དར་སྤེལ་གཏོང་ཐབས་རྒྱ་གར་གྱི་མཐོ་སློབ་ཁག་ཏུ་སློབ་གཉེར་བྱེད་བཞིན་པ་ཚོས་འགན་ཁུར་ལེན་དགོས་པའི་བཀའ་སློབ་གནང་འདུག འཛམ་གླིང་ནང་འཚེ་མེད་ཞི་བ་དང་འཆམ་མཐུན་གྱི་ལྟ་གྲུབ་གལ་ཆེ་དོན་ཆེར་བརྩིས་ཏེ་མཐོ་སློབ་དགེ་རྒན་ཚོས་སློབ་ཕྲུག་གི་རྒྱུད་ལ་འཇགས་ཐབས་བྱེད་གལ་ཆེ་བ་སོགས་ཀྱི་བཀའ་སློབ་ཟབ་མོ་བསྩལ་གནང་འདུག ལྷན་ཚོགས་དེར་མཐོ་སློབ་ཁག་འདྲ་མིན་དུ་མ་ནས་འདས་པའི་སློབ་ཕྲུག་གྲངས་བཞི་བརྒྱ་སྐོར་དང་མ་ཧ་རཤ་ཏྲ་མངའ་སྡེའི་ཤེས་རིག་བློན་ཆེན་དང་། གཙུག་ལག་སློབ་གྲའི་ངེས་སྟོན་པ་གཞོན་པ་བཅས་ཚོགས་བཞུགས་གནང་ཡོད་པའི་གནས་ཚུལ་འདུག།