བོད་ལྷོ་ཁ་ཁུལ་གྱི་དགོན་པ་ཆེ་ཁག་གཉིས་སླར་ཡང་སྒོ་རྒྱག་རྒྱུའི་གསལ་བསྒྲགས་བྱས་འདུག


2020.04.17
བསམ་ཡས་དགོན་པས་ཏོག་དབྱིབས་ནད་ཡམས་སྔོན་འགོག་ཆེད་ཞལ་འདེབས་བསྡུ་རུབ་སྐབས། ༢༠༢༠།༢།༧ བསམ་ཡས་དགོན་པས་ཏོག་དབྱིབས་ནད་ཡམས་སྔོན་འགོག་ཆེད་ཞལ་འདེབས་བསྡུ་རུབ་སྐབས། ༢༠༢༠།༢།༧
བོད་འབྱོར།

བོད་ལྷོ་ཁ་ཁུལ་གྱི་དགོན་པ་ཆེ་ཁག་བསམ་ཡས་དང་གཡའ་བཟང་དགོན་གཉིས་སླར་ཡང་གནས་སྐབས་སྒོ་རྒྱག་རྒྱུའི་གསལ་བསྒྲགས་བྱས་འདུག
རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ད་ལྟ་ཏོག་དབྱིབས་ནད་འབུ་གསར་བའི་ནད་ཡམས་འགོས་ཡོད་པའི་མི་སུ་གཅིག་ཀྱང་མེད་ལུགས་དང་། རྒྱ་ནག་ཁྱོན་ཡོངས་སུ་ཏོག་དབྱིབས་ནད་ཡམས་དང་འབྲེལ་བའི་དམ་དྲག་ཕྱིར་བསྡུ་བྱས་ལུགས་བརྗོད་བཞིན་པའི་དུས་སྐབས་འདིར། བོད་ལྷོ་ཁ་བསམ་ཡས་དང་གཡའ་བཟང་དགོན་གཉིས་གོང་རིམ་གྱི་བཀོད་ཁྱབ་བྱུང་བ་ལྟར་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་སྔོན་འགོག་གི་བྱ་བཞག་དང་འབྲེལ་ནས་གནས་སྐབས་སྒོ་རྒྱག་རྒྱུའི་གསལ་བསྒྲགས་བྱས་པ་ཞིག་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གནས་ཚུལ་སྤེལ་འདུག
ཕྱི་ཟླ་ ༣ ་ཚེས་ ༣༠ ་ཉིན་ལྷ་ས་གྲོང་ཁྱེར་ནང་བསྟན་མཐུན་ཚོགས་ཀྱིས་གསལ་བསྒྲགས་ཤིག་སྤེལ་བ་དེའི་ནང་། ལྷ་ས་གྲོང་ཁྱེར་དང་ཐག་རིང་གི་དགོན་པ་དང་ལྷ་ཁང་གྲངས་ ༢༤༡ ་ཕྱི་ཟླ་ ༣ ་ཚེས་ ༣༡ ་ནས་སྒོ་མོ་ཕྱེ་རྒྱུ་ཡིན་ལུགས་བཀོད་ཡོད་པ་རེད། བསམ་ཡས་དང་གཡའ་བཟང་དགོན་ནི་ལྷ་ས་ནས་རྒྱང་ཐག་རིང་བའི་ས་ཁུལ་གྲས་སུ་ཡོད་ཅིང་། གློ་བུར་དུ་བསམ་ཡས་དགོན་ཕྱི་ཟླ་ ༤ ་ཚེས་ ༡༤ ་ནས་དང་། གཡའ་བཟང་དགོན་ཕྱི་ཟླ་ ༤ ་ཚེས་ ༡༥ ་ནས་མང་ཚོགས་ལ་སྒོ་རྒྱག་རྒྱུའི་གསལ་བསྒྲགས་བྱས་དོན་ཇི་ཡིན་རྒྱུ་མཚན་དམིགས་བསལ་འགྲེལ་བརྗོད་གང་ཡང་བྱས་མེད་པ་རེད།
འོན་ཀྱང་ཕྱི་ཟླ་ ༤ ་ཚེས་ ༡༠ ་ཉིན་རྒྱ་ཡིག་གི་བོད་ལྗོངས་ཉིན་རེའི་གསར་ཤོག་ནང་། ༢༠༢༠  ཕྱི་ཟླ་ ༡ ་ནང་རྒྱ་ནག་གི་གྲོང་ཁྱེར་ཝུའུ་ཧན་དུ་ཡོད་པའི་གྲངས་ཉུང་མི་རིགས་ཀྱི་སློབ་འབྲིང་ཞིག་གི་ནང་ཡོད་པའི་བོད་པའི་སློབ་ཕྲུག་ཁག་གི་ཕ་མ་དང་ཁྱིམ་བདག་བུ་ཕྲུག་ཐུག་འཕྲད་དུ་ཕྱིན་ནས་བོད་ཀྱི་ས་ཁུལ་ཁག་ཏུ་ཕྱིར་ལོག་མ་ཐུབ་པའི་ཁྱིམ་བདག་ ༦༢ ་ཕྱི་ཟླ་ ༤ ་ཚེས་ ༡༠་ ཉིན་ཝུའུ་ཧན་གྲོང་ཁྱེར་དང་ཧུའུ་པེ་ཞིང་ཆེན་གྱི་རོགས་རམ་ལ་བརྟེན་ནས་ཕྱིར་ལོག་ཐུབ་ཡོད་པའི་གནས་ཚུལ་བཀོད་འདུག་ཅིང་། ཕྱིར་ལོག་བྱ་མཁན་གྱི་ཕ་མ་མང་པོ་ཞིག་ལྷོ་ཁ་ཡིན་འདུག དེ་འཕྲོས་ཕྱིར་ལོག་བྱས་པའི་ཁྱིམ་བདག་ཕ་མ་ཚོ་ལྷ་ས་དང་ནག་ཆུ། གཞིས་ཀ་རྩེ་དང་ཉིང་ཁྲི་སོགས་ནས་ཡིན་པ་བཀོད་འདུག
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བོད་ནས་ཁུངས་ལྡན་གྱི་གནས་ཚུལ་མཁོ་སྤྲོད་བྱུང་བར་ལྟར་ན། ལྷ་ས་གྲོང་ཁྱེར་ནང་གྲོང་ཁྱེར་གྱི་ཉེ་འདབས་སུ་ཡོད་པ་ལྷ་ས་གཙུག་ལག་ཁང་དང་ཕོ་བྲང་པོ་ཏཱ་ལ། ནོར་བུ་གླིང་ཁ། སེ་འབྲས་དགའ་གསུམ་སོགས་དགོན་པ་དང་ལྷ་ཁང་སོགས་གནས་སྐབས་རིང་མུ་མཐུད་སྒོ་རྒྱག་རྒྱུ་ཡིན་པ་ཕྱི་ཟླ་ ༤ ་ཚེས་ ༡༡ ་ཉིན་བོད་རང་སྐྱོང་ལྗོངས་ཀྱི་མཐོ་རིམ་མི་སྣའི་ཚོགས་འདུ་ཞིག་གི་སྐབས་ཐག་གཅོད་བྱས་ཡོད་འདུག
བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ནི། བོད་ཀྱི་དགོན་པ་ཐོག་མ་དེ་ཡིན་ཞིང་། དུས་རབས་བརྒྱད་པའི་དཀྱིལ་ཙམ་ལ་མཁན་པོ་ཞི་བ་འཚོ་དང་སློབ་དཔོན་པདྨ་འབྱུང་གནས། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་ཏེ་མཁན་སློབ་ཆོས་གསུམ་ལྷན་འཛོམས་སྐབས། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས་བཞེངས་པ་ཞིག་ཡིན་པ་རེད།
གཡའ་བཟང་དགོན་གྱི་མཚན་རྒྱས་པར་གཡའ་བཟང་དགའ་ལྡན་བསམ་གཏན་གླིང་ཞུ་གི་ཡོད་ཅིང་། གཡའ་བཟང་གྲོང་གི་ནུབ་རིའི་ལྡེབས་ཡར་ལྷ་ཤམ་པོའི་ཁ་ཁྲོད་དུ་དགོན་དེ་མཇལ་རྒྱུ་ཡོད་འདུག དགོན་དེ་ནི་ཟྭ་ར་བ་སྐལ་ལྡན་ཡེ་ཤེས་སེང་གེའི་དངོས་སློབ་རྒྱལ་བ་གཡའ་བཟང་པ་དགུང་ལོ་སོ་བརྒྱད་ལ་ཕེབས་པ་སྤྱི་ལོ་༡༢༠༦་ལོར་ཕྱག་བཏབ་པ་ཞིག་ཡིན་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚང་མ་མཐུན་སྒྲིལ་ཐོག་མཉམ་གནས་ཐུབ་རྒྱུ་དེ་མགོན་པོ་མཆོག་གི་ཐུགས་རེ་གཙོ་བོ་ཡིན་ཞེས་རྒྱ་རིགས་ཚན་རིག་པ་ཚོར་བཀའ་སྩལ་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎