ཟླ་ངོ་བཞི་ལྷག་རིང་སྒོ་རྒྱབ་པའི་ཕོ་བྲང་པོ་ཏ་ལ་སྒོ་ཕྱེ་རྒྱུ་ཡིན་འདུག


2020.06.02
ཕོ་བྲང་པོ་ཏ་ལ། ༢༠༢༠།༥ ཕོ་བྲང་པོ་ཏ་ལ། ༢༠༢༠།༥
བོད་འབྱོར།

རྒྱ་ནག་ཝུའུ་ཧན་ནས་མཆེད་པའི་ཏོག་དབྱིབས་ནད་འབུ་གསར་བའི་ནད་ཡམས་ཀྱི་རྐྱེན་པས་ཕོ་བྲང་པོ་ཏ་ལ་དུས་ཡུན་ཟླ་བ་བཞི་ལྷག་རིང་སྒོ་རྒྱབ་པའི་རྗེས་ད་ཆ་སྤྱི་ཟླ་༦་ཚེས་༣་ཉིན་ནས་བཟུང་ཆ་རྐྱེན་ངེས་ཅན་གྱི་འོག་སླར་ཡང་གནས་གཟིགས་སྒོ་ཕྱེ་རྒྱུ་ཡིན་འདུག
དེ་ཡང་སྤྱི་ཟླ་ ༦ ་ཚེས་ ༢ ་ཉིན་ཕོ་བྲང་པོ་ཏ་ལའི་དོ་དམ་ཁང་གིས་གསལ་བསྒྲགས་སྤེལ་ནས། རྒྱལ་ནང་གི་ནད་ཡམས་གནས་ཚུལ་ཇེ་ལེགས་སུ་འགྲོ་བཞིན་དང་། རང་གྲོང་གི་གྲོང་མིའི་འཚོ་བ་ཡང་རྒྱུན་ལྡན་ཅན་དུ་གྱུར་བཞིན་པས། ད་ཆ་གོང་རིམ་གྱི་ཆོག་མཆན་ལྟར་ཏོག་གསར་གློ་ཚད་ནད་ཡམས་འགོག་ཟོན་བྱ་ཐབས་དོན་འཁྱོལ་ཏན་ཏིག་གི་སྔོན་འགྲོའི་ཐོག སྤྱི་ལོ་༢༠༢༠་ལོའི་ཟླ་༦་པའི་ཚེས་༣་ཉིན་ནས་བཟུང་གོ་རིམ་དང་ལྡན་པ་དང་། སྤ་སེ་མངགས་ཉོ་བྱེད་པ། དུས་ཚོད་ཁག་དབྱེ་སོགས་ཀྱི་སྒོ་ནས་ཕོ་བྲང་པོ་ཏ་ལའི་གནས་གཟིགས་སྒོ་ཕྱེ་རྒྱུ་ཡིན་ཞེས་སོགས་འཁོད་འདུག
དེའི་ཐད་རྒྱུན་དུ་ལྷ་སར་ཚོང་ལས་གཉེར་བཞིན་པའི་བོད་མི་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུང་ན། ང་རང་དེང་སྐབས་ལྷ་སར་མེད། འོན་ཀྱང་ལྷ་སར་ཡོད་པའི་གྲོགས་པོ་ཚོས་སྤྱི་ཟླ་ ༦ ་ཚེས་ ༣ ་ཉིན་ནས་པོ་ཏ་ལ་སྒོ་ཕྱེ་རྒྱུ་རེད་ཟེར། ཡིན་ནའང་ནད་ཡམས་ཀྱིས་རྐྱེན་པས་འཛིན་བྱང་སོགས་ཕལ་ཆེར་ཉིན་གཅིག་གི་སྔོན་ལ་དྲ་ཐོག་ནས་མངགས་ཉོ་བྱེད་དགོས་ཀྱི་ཡོད་པ་འདྲ་བས། དྲ་རྒྱ་བེད་སྤྱོད་བྱེད་མི་ཤེས་མཁན་གྱི་ཞིང་འབྲོག་མང་ཚོགས་ལ་དཀའ་ངལ་བཟོ་སྲིད་པ་ཡིན་ལུགས་སོགས་འགྲེལ་བརྗོད་གནང་གི་འདུག
དེའི་ཐད་ཕོ་བྲང་པོ་ཏ་ལའི་གཞུང་འབྲེལ་འཕྲིན་སྟེགས་ཐོག་སྤྱི་ཚེས་ ༢ ་ཉིན་གནས་ཚུལ་སྤེལ་བའི་ནང་དུ། ཕོ་བྲང་པོ་ཏ་ལ་སྒོ་ཕྱེས་པའི་རྗེས་ནམ་རྒྱུན་དང་མི་འདྲ་ས་ཁག་གཅིག་ཡོད་པ་ནི། སྤ་སེའམ་འཛིན་བྱང་ཕོ་བྲང་ལོ་ཏ་ལའི་འཕྲིན་སྟེགས་བརྒྱུད་ཉིན་གཅིག་གི་སྔོན་ལ་མངགས་ཉོ་བྱེད་དགོས་པ་དང་། ཉིན་རེར་མི་གྲངས་ ༢༡༠༠ ་བར་ཚོད་འཛིན་བྱེད་རྒྱུ། དེ་བཞིན་མཆོད་མཇལ་ལ་ཡོང་མཁན་ཚོས་བདེ་ཐང་གི་རེའུ་མིག་སྐོང་དགོས་པ་སོགས་འཁོད་འདུག
འདི་ནས་དེ་ལྟར་འཛིན་བྱང་ཉོ་རྒྱུ་ཚོད་ལྟ་བྱས་པའི་སྐབས། རང་གི་མིང་དངོས་དང་། ཐོབ་ཐབ་ལག་ཁྱེར་གྱི་ཨང་གྲངས། ཁ་པར་ཨང་གྲངས་བཅས་དགོས་པ་མ་ཟད། ཐོབ་ཐང་ལག་ཁྱེར་གྱི་རྒྱབ་མདུན་གཉིས་ཀའི་ངོ་བཤུས་བཅས་དགོས་ཀྱི་འདུག
སྤྱིར་དེང་སྐབས་བོད་ནང་ས་ག་ཟླ་བ་ཞེས་བོད་མི་གཙོས་པའི་ནང་པའི་དད་ལྡན་པ་རྣམས་ཀྱིས་དགེ་སྒྲུབ་སྡིག་སྤོངས་ཀྱི་ལས་ལ་འཇུག་པའི་ནང་པའི་དུས་ཆེན་ཁྱད་པར་ཅན་ཞིག་ཡིན་དུས། སྐོར་རར་འགྲོ་མཁན་དང་མཆོད་མཇལ་འགྲོ་བ་སོགས་ནམ་རྒྱུན་ལས་མང་བ་ཡོད་ཀྱང་། རྒྱ་ནག་གཞུང་གིས་བོད་ནང་དམ་དྲག་དང་། དམིགས་བསལ་ས་ག་ཟླ་བར་སློབ་མ་དང་། གཞུང་གི་ལས་བྱེད་སོགས་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་ནང་ཞུགས་མི་ཆོག་པའི་བཙན་བཀའ་བཏང་ཡོད་སྟབས། མི་མང་པོ་ཞིག་མཆོད་མཇལ་དང་སྐོར་ར་སོགས་ལ་འགྲོ་ཕོད་ཀྱི་མེད་པའི་གནས་སྟངས་ཡོད་པ་བོད་ནས་འདི་ག་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་ཡོད།
ལྷ་སའི་བོད་མི་རྒན་པ་ཞིག་གིས། རྒྱ་ནག་གི་ཏང་ཡོན་ཏེ་དམར་ཤོག་ཚོགས་པའི་ཚོགས་མི་དང་། དེ་བཞིན་དམར་ཤོག་གཞོན་ནུ་སྡེ་ཚོགས་ཀྱི་ཚོགས་མི། གཞན་རྒན་ཡོལ་ཞུས་ཟིན་པའི་ལས་བྱེད་སོགས་མཆོད་ཕྱོགས་ཀྱི་བྱེད་སྒོའི་ནང་ཞུགས་གི་ཡོད་མེད་ཐད་ཕན་ཚུན་བར་ལྟ་སྐུལ་བྱེད་དགོས་པར་བརྗོད་ཡོད་ཅིང་། གལ་ཏེ་མཐོང་ན་ལས་གནས་ཐོག་ཡོད་མཁན་ཚོར་ཆད་པ་གཅོད་རྒྱུ་དང་། ང་ཚོ་རྒན་ཡོལ་བྱས་ཟིན་པ་ཚོའི་རྒན་ཕོགས་སོགས་བཅོག་རྒྱུ་ཡིན་པར་བརྗོད་ཀྱི་འདུག་པས་སྐོར་ར་སོགས་ལ་འགྲོ་ཕོད་ཀྱི་མི་འདུག་ཅེས་འགྲེལ་བརྗོད་གནང་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎