རྒྱ་ནག་གི་སྲིད་འཛིན་ཞེ་ཅིན་ཕེན་གྱི་ལྟ་གྲུབ་ཕྱོགས་ཡོངས་བཞི།
2015.02.25
རྒྱ་ནག་གི་སྲིད་འཛིན་ཞེ་ཅིན་ཕེན་གྱིས་གསར་རྩོམ་བྱས་པའི་ཕྱོགས་ཡོངས་བཞི་ཅེས་པའི་ཆབ་སྲིད་ལྟ་གྲུབ་རྒྱལ་ཡོངས་སུ་ཁྱབ་སྤེལ་བྱེད་བཞིན་ཡོད་འདུག
རྒྱ་ནག་གི་སྲིད་འཛིན་ཞེ་ཅིན་ཕེན་གྱིས་གསར་རྩོམ་བྱས་པའི་Four Comprehensiveའམ་ཕྱོགས་ཡོངས་བཞི་ཅེས་པའི་ཆབ་སྲིད་ཀྱི་ལྟ་གྲུབ་དེར་ གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་ཁག་ནས་རྒྱ་ནག་རྒྱལ་ཡོངས་སུ་དྲིལ་བསྒྲགས་ཁྱབ་སྤེལ་བྱེད་བཞིན་ཡོད་པ་རེད། མའོ་ཀྲུའུ་ཞི་ཡི་སྐབས་ནས་བཟུང་རྒྱ་ནག་གི་ལོ་རྒྱུས་ནང་གུང་ཁྲན་ཏང་གིས་ལྟ་གྲུབ་ཀྱི་ངོ་བོ་མཚོན་པའི་ཐ་སྙད་ཀྱི་མིང་ཚིག་རྟགས་སྲོལ་ཡོད་པ་དང་། དཔེར་ན་༡༩༦༠ཙམ་ནང་མའོ་ཀྲུའུ་ཞི་ཡིས་རྙིང་ཞེན་བཞི་ཅེས་པའི་ལྟ་གྲུབ་འོག་གོམས་གཤིས་རྙིང་པ་དང་། བསམ་བློ་རྙིང་པ། རིག་གཞུང་རྙིང་པ། ལུགས་སྲོལ་རྙིང་པ་བཅས་ལ་བཅོས་བསྒྱུར་གྱི་ལས་འགུལ་སྤེལ་བ་དང་། སྲིད་འཛིན་ཟུར་པ་Jiang Zeminགྱི་སྐབས་སུ་མཚོན་བྱེད་གསུམ་ཅེས་པའི་ཆབ་སྲིད་དང་ཐབས་ཇུས་ཀྱི་ལྟ་གྲུབ་ལག་བསྟར་བྱས་པ། ཧའོ་ཅིན་ཐའོHu Jintaoཡི་སྐབས་སུ་ཡང་དེ་མཚུངས་ཆབ་སྲིད་ཀྱི་ལྟ་གྲུབ་སྤེལ་ཡོད་པ་རེད། ད་ལྟའི་ལས་ཐོག་སྲིད་འཛིན་ཞེ་ཅིན་ཕེན་གྱིས་ཕྱོགས་ཡོངས་བཞི་ཅེས་པའི་ལྟ་གྲུབ་དེ་ སྔ་ལོ་ཕྱི་ཟླ་༡༢པའི་ནང་རྒྱ་ནག་གི་Jiangsuཞིང་ཆེན་དུ་སྐོར་བསྐྱོད་སྐབས། ཐོག་མར་གསལ་བསྒྲགས་བྱས་ཡོད་ཅིང་།
ཕྱོགས་ཡོངས་བཞི་ཅེས་པ་དེ་འོས་མཚམས་ལྡན་པའི་སྤྱི་ཚོགས་བསྐྲུན་ཐབས་སུ་ཕྱོགས་ཡོངས་ཀྱི་ལས་འགུལ་སྤེལ་རྒྱུ། བཅོས་བསྒྱུར་གྱི་ལས་དོན་ཕྱོགས་ཡོངས་ནས་སྤེལ་རྒྱུ། ཁྲིམས་ལུགས་དབང་འཛིན་གྱི་ལམ་ནས་རྒྱལ་ཁབ་འཛིན་སྐྱོང་གི་ལས་དོན་ཕྱོགས་ཡོངས་ནས་སྤེལ་རྒྱུ། དེ་བཞིན་ནུས་པ་ཕྱོགས་ཡོངས་ཀྱི་ཐོག་ནས་གུང་ཁྲན་ཏང་གི་འཛིན་སྐྱོང་ལ་སྟངས་འཛིན་དམ་ཟབ་བྱ་རྒྱུ་བཅས་ཡིན་པ་རེད།
ཞེ་ཅིན་ཕེན་གྱི་ཕྱོགས་ཡོངས་བཞི་ཅེས་པའི་ལྟ་གྲུབ་དེ་ཐོག་མར་འདོན་སྤེལ་སྐབས། གུང་ཁྲན་ཏང་གྱི་དུས་དེབ་ཐོག་ངོ་སྤྲོད་བྱུང་ཡོད་པ་ལས་རྒྱལ་ཡོངས་ཁྲོད་གསལ་བསྒྲགས་བྱས་མེད་ཀྱང་། ད་ཆ་ལྟ་གྲུབ་དེ་དག་རྒྱལ་ཡོངས་སུ་དྲིལ་བསྒྲགས་ཤུགས་ཆེ་འགོ་འཛུགས་དགོས་པའི་རྒྱུད་སྐུལ་བྱ་བཞིན་འདུག རེས་གཟའ་ལྷག་པའི་ཉིན་People’s Dailyའམ་མི་མང་ཉིན་རེའི་གསར་ཤོག་གི་མདུན་ཤོག་ཆ་ཚང་ཞེ་ཅིན་ཕེན་གྱི་ཁྱབ་ཆེན་བཞི་ཅེས་པའི་ལྟ་གྲུབ་སྐོར་རྩོམ་བྲིས་པའི་གླེང་བརྗོད་བཀོད་འདུག་པ་མ་ཟད། རྒྱ་ནག་གི་CCTVགཞུང་འབྲེལ་བརྙན་འཕྲིན་ལས་རིམ་གྱི་དགོང་དྲོའི་གསར་འགྱུར་དང་པོ་དེ་ཕྱོགས་ཡོངས་བཞིའི་སྐོར་ངོ་སྤྲོད་བྱ་རྒྱུ་དེ་བཞིན་ཤིན་ཧ་གསར་འགྱུར་ལས་ཁང་ནས་རྒྱལ་ཡོངས་ཐོག་ཕྱོགས་ཡོངས་བཞིའི་ལྟ་གྲུབ་སྐོར་གོ་རྟོགས་ཁྱབ་སྤེལ་བྱ་རྒྱུ་ཡིན་པ་གསལ་འདུག
གསར་འགོད་པ་དོན་གྲུབ་རྣམ་རྒྱལ།