གླེང་སློང་མང་པོའི་རྗེས་ཞི་ཅིན་ཕིང་དངོས་སུ་མང་ཚོགས་ཁྲོད་མངོན་འདུག

བར་ལམ་རྒྱ་ནག་གི་སྲིད་འཛིན་གང་མཚམས་རིང་གོ་རྒྱུ་མཐོང་རྒྱུ་མེད་པའི་གནས་ཚུལ་གླེང་སློང་བྱུང་བཞིན་པའི་སྐབས་རེས་གཟའ་མིག་དམར་ཉིན་ཞི་ཅིན་ཕིང་མང་ཚོགས་མདུན་དུ་མངོན་འདུག
ཟླ་བ་འདིའི་འགོ་སྟོད་དུ་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་(Xi Jinping)་གིས་(Kalzakhstan)་དང་(Uzbekistan)་རྒྱལ་ཁབ་གཉིས་ནང་གཞུང་དོན་ཕྱོགས་བསྐྱོད་བྱས་ནས་འདས་པའི་ལོ་ངོ་གཉིས་ཀྱི་ནང་ཕྱི་ཕྱོགས་སུ་ཕྱོགས་བསྐྱོད་ཐོག་མ་དེ་བྱས་ཡོད་པ་དང་། དེ་ནས་ཕྱིར་རྒྱ་ནག་ཏུ་ལོག་རྗེས་འདས་པའི་ཉིན་གྲངས་བཅུ་ལྷག་རིང་གཞུང་འབྲེལ་དང་སྒེར་དོན་སོགས་ཀྱི་ཐད་ནས་ཞི་ཅིན་ཕིང་རྒྱ་ནག་གི་སྤྱི་ཚོགས་ཁྲོད་དང་གསར་འགྱུར་ནང་གོ་རྒྱུ་མེད་པ་དང་དངོས་སུ་མཐོང་རྒྱུ་མེད་པར་གྱུར་བའི་གནས་ཚུལ་བྱུང་ཡོད་པ་མ་ཟད། འགའ་ཤས་ཀྱིས་ཁོང་བཟང་བཙོན་དུ་བཅུག་ཡོད་པའི་གནས་ཚུལ་ཁྱབ་སྤེལ་བྱུང་ཡོད་པ་རེད།
ཕྱི་ཚེས་༢༨ཉིན་ལྷོ་རྒྱ་ནག་སྔ་དྲོའི་ཕོ་ཉ་ཞེས་པའི་གསར་ཤོག་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཞི་ཅིན་ཕིང་གར་ཡོད་ཀྱི་གནས་ཚུལ་གླེང་སློང་བྱུང་བཞིན་པའི་སྐབས་འདིར། རེས་གཟའ་མིག་དམར་ཚེས་༢༧ཉིན་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཞི་ཅིན་ཕིང་གིས་སྲིད་འཛིན་གྱི་ལས་དུས་གཉིས་ཀྱི་རིང་གི་གྲུབ་འབྲས་སྐོར་གྱི་འགྲེམས་སྟོན་ཐོག་ཡོང་ཡོད་པ་དང་། རྒྱ་ནག་དམར་ཤོག་ཚོགས་པས་ཞི་ཅིན་ཕིང་གི་བྱས་རྗེས་སྐོར་དཔེ་དེབ་རིམ་པ་པར་བསྐྲུན་བྱ་རྒྱུ་ཡིན་པ་སོགས་རྒྱ་ནག་གཞུང་འབྲེལ་གྱི་གསར་ལམ་ཁག་གིས་གནས་ཚུལ་སྤེལ་འདུག དེ་ནི་བར་ལམ་གྱི་གནས་ཚུལ་རྗེས་སུ་དངོས་སུ་སྤྱི་ཚོགས་ཁྲོད་མཐོང་རྒྱུ་བྱུང་བ་ཐོག་མ་དེ་ཡིན་པ་རེད།
རྒྱ་ནག་གི་གཞུང་འབྲེལ་ཤིན་ཧཱ་གསར་ལས་ཁང་གིས་གནས་ཚུལ་ལུངས་འདྲེན་བྱས་པ་ལྟར་ན། ཞི་ཅིན་ཕིང་གིས་འགྲེམས་སྟོན་ལ་ལྟ་སྐོར་སྐབས། ཁོང་དང་མཉམ་དུ་རྒྱ་ནག་གི་མཐོ་རིམ་དཔོན་རིགས་དང་། མི་སྣ་༢༥ལས་གྲུབ་པའི་ཆབ་སྲིད་ཨུ་ཡོན་ལྷན་ཁང་གི་ཚོགས་མི་ཚང་མ་ཡོད་པདང་། ཁོང་གིས་འདས་པའི་ལོ་བཅུའི་རིང་། རྒྱ་ནག་གུང་ཁྲན་ཏང་གི་སྣེ་ཁྲིད་བྱས་སྟེ། རྒྱལ་ཁབ་ནང་ཆབ་སྲིད་དང་དཔལ་འབྱོར། ལྟ་གྲུབ་ཀྱི་འགལ་ཟླ་བཅས་ལ་གདོང་ལེན་ནན་པོ་བྱས་བར་གྲུབ་འབྲས་བྱུང་ཡོད་པ་མ་ཟད། རང་བྱུང་གི་གོད་ཆགས་རིམ་པར་གདོང་ལེན་འཐུས་ཚང་བྱས་ཡོད་ལུགས་ཀྱི་གཏམ་བཤད་བྱས་ཡོད་འདུག
ཞི་ཅིན་ཕིང་ད་རེས་མང་ཚོགས་ཁྲོད་ཐོན་པ་དེ། རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་༢༠པ་འཚོགས་ལ་ཉེ་བའི་སྐབས་དང་། ཚོགས་ཆེན་དེའི་ཐོག་ཁོང་སྲིད་འཛིན་གྱི་ལས་འཁུར་ཐེངས་གསུམ་པར་འདུག་ཐུབ་པའི་རེ་སྒུག་བྱེད་བཞིན་པའི་དུས་སུ་འཁེལ་ཡོད་པ་རེད།
གསར་འགོད་པ། དོན་གྲུབ་རྣམ་རྒྱལ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།