ཞི་ཅིན་ཕིན་རྒྱ་གར་དུ་G20ལྷན་ཚོགས་སུ་མི་ཞུགས་རྒྱུའི་ཐག་གཅོད་བྱས་འདུག

རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས་སྤྱི་ཟླ་༩པའི་ཚེས་༤ཉིན་གནས་ཚུལ་སྤེལ་བའི་ནང་། རིང་མིན་སྤྱི་ཟླ་༩པའི་ཚེས་༩ནས་༡༠བར་རྒྱ་གར་རྒྱལ་ས་ལྡི་ལི་རུ་G20སྟེ་འཛམ་གླིང་ཡར་ཐོན་རྒྱལ་ཁབ་༢༠ལྷན་ཚོགས་གནང་བཞིན་པའི་སྟེང་། རྒྱ་ནག་སྲིད་འཛིན་ཞི་ཅིན་ཕིན་ལྷན་ཞུགས་བྱེད་རྒྱུ་མིན་པར། ཁོ་རང་གི་ཚབ་ལ་རྒྱ་ནག་གི་སྲིད་བློན་ལི་ཆང་ལྷན་ཞུགས་བྱེད་རྒྱུ་ཡིན་སྐོར་འཁོད་ཡོད་ཅིང་། རྒྱ་གར་ཕྱི་སྲིད་དྲུང་ཆེ་ཟུར་པ་ཀན་བལ་སི་སྦལ་ལགས་ཀྱིས། རྒྱ་གར་དང་རྒྱ་ནག་བར་འབྲེལ་ལམ་ཡག་པོ་མེད་པས། ཞི་ཅིན་ཕིན་ལ་རྒྱ་གར་གྱིས་སྣེ་ལེན་ཡག་པོ་ཡོང་མིན་གདེང་ཚོད་མེད་པ་དང་། ཨ་མི་རི་ཀའི་སྲིད་འཛིན་ལ་རྒྱ་གར་ས་ཐོག་ཏུ་ཁོ་རང་ཐུག་འདོད་མེད་པ་སོགས་ཀྱིས། ཁོ་རང་རྒྱ་གར་དུ་ལྷན་ཚོགས་དེར་ཞུགས་རྒྱུ་ཕྱིར་འཐེན་བྱས་པར་མཐོང་གི་ཡོད་པ་འགྲེལ་བརྗོད་གནང་གི་འདུག
རྒྱ་གར་དང་རྒྱ་ནག་གིས་དམག་དཔུང་ཕན་ཚུན་བར་ས་མཚམས་སྐོར་གྲོས་མོལ་ཐེངས་༡༩པ་ཚུན་ལ་གྲུབ་འབྲས་ཡག་པོ་གང་བྱུང་མེད་པ་མ་ཟད། གྷལ་ཝན་ལུང་གཞུང་གི་གནས་ཚུལ་ཀྱང་འབྲེལ་ལམ་ཐད་བརྡ་སྟོན་མི་ལེགས་པ་ཞིག་ཡིན་པས། མཐར་གཏུག་ན་ཞི་ཅིན་ཕིན་གྱིས་སོ་སོ་ལ་ལྡི་ལི་གསར་པ་ནས་སྣེ་ལེན་ཇི་འདྲ་ཞིག་གནང་མིན་ཐེ་ཚོམ་སྐྱེས་ཡོད་པ་དང་མཚུངས་སུ། གཅིག་བྱས་ན་རྒྱ་གར་སྲིད་བློན་མཆོག་ནས་མི་འདོད་པའི་རྣམ་འགྱུར་བསྟན་ཏེ་ཁོ་རང་ངོ་ཚ་ཁ་སྐྱེངས་ཡོང་ཉེན་དང་། རྒྱ་གར་གྱི་ས་ཐོག་ཏུ་ཨ་མི་རི་ཀའི་སྲིད་འཛིན་དང་ཐུག་འཕྲད་ཀྱིས། སྲིད་འཛིན་གཉིས་མཉམ་འཛོམས་གནང་བཅུག་ཐུབ་པའི་དགེ་ཁ་རྒྱ་གར་ལ་སྤྲད་འདོད་མེད་པས་རེད་སྙམ་ཞེས་འགྲེལ་བརྗོད་གནང་གི་འདུག་ལ། གཞན་ཡང་རྒྱ་གར་གྱི་སྲིད་དོན་ཉམས་ཞིབ་པ་ཨ་ལྡིར་སྦི་རཱར་ལགས་ནས་ཀྱང་། རྒྱ་ནག་སྲིད་འཛིན་ལྷན་ཚོགས་དེར་མི་ཞུགས་རྒྱུ་ཐག་གཅོད་བྱས་པ་དེས། རྒྱལ་སྤྱིའི་སྒྲོམ་གཞི་དང་ཆིངས་སྒྲིག་གི་ཁ་ཕྱོགས་ཐད་བཟུང་བའི་རྒྱ་གར་གྱི་དམིགས་ཡུལ་ཁག། རྒྱ་ནག་གིས་བཀག་འགོག་བྱ་འདོད་ཀྱི་བརྡ་ལན་ཞིག་རེད་ཅེས་འགྲེལ་བརྗོད་གནང་གི་འདུག
ཁོང་གིས་རྒྱ་ནག་སྲིད་འཛིན་ལྷན་ཚོགས་དེར་མི་ཞུགས་རྒྱུ་ཐག་གཅོད་བྱས་པ་དེས། རྒྱལ་སྤྱིའི་སྒྲོམ་གཞི་དང་ཆིངས་སྒྲིག་གི་ཁ་ཕྱོགས་ཐད་བཟུང་བའི་རྒྱ་གར་གྱི་དམིགས་ཡུལ་ཁག། རྒྱ་ནག་གིས་བཀག་འགོག་བྱ་འདོད་ཀྱི་བརྡ་ལན་ཞིག་ཡིན་ཁར། ཁ་ཤས་ཀྱིས་ཞི་ཅིན་ཕིན་ལྷན་ཚོགས་ལ་མི་ཞུགས་དོན་ནི་རྒྱ་ནག་ནང་དཔལ་འབྱོར་ཉམས་ཆག་གིས་ཡིན་པ་སོགས་བཤད་པ་དེ་འབྲེལ་མེད་དོན་གཞན་རེད། པེ་ཅིང་གིས་ཡར་ཐོན་རྒྱལ་ཁབ་༢༠ལྷན་ཚོགས་དང་དེ་ལ་རྒྱལ་ཁབ་མང་པོས་ཆ་ཤས་ལེན་པར་དོ་གལ་རྣམ་འགྱུར་བསྟན་གྱི་ཡོད་ནའང་། ད་ཐེངས་ཆེས་ཐོག་མར་རྒྱ་ནག་སྲིད་འཛིན་G20ལྷན་ཚོགས་ལ་གཡོལ་བ་དེས། གནམ་གཤིས་འགྱུར་ལྡོག་ཚུད་པའི་གནས་ཚུལ་མང་པོའི་ཐོག རྒྱ་གར་ནག་གཉི་གའི་སུས་སྣེ་འཁྲིད་གནང་མིན་གྱི་ཐད། ཕན་ཚུན་ཁ་གཏད་ཡིན་པའི་བརྡ་ལན་ཞིག་རེད་ཅེས་འགྲེལ་བརྗོད་གནང་གི་འདུག
རྒྱ་ནག་གཞུང་གིས་ཆེས་མཐོའི་མགོ་ཁྲིད་གཉིས་ལྷན་དུ་ཕྱི་རྒྱལ་ལ་འགྲོ་རྒྱུའི་ལམ་སྲོལ་མེད་པར། མགོ་ཁྲིད་མཐོ་ཤོས་གཅིག་ངེས་པར་དུ་རྒྱ་ནག་རང་དུ་འདུག་དགོས་པའི་རྒྱུ་མཚན་གྱིས། སྲིད་འཛིན་ཞི་ཅིན་ཕིན་ལྷན་ཚོགས་སུ་མི་ཞུགས་རྒྱུའི་འགྲེལ་བཤད་བྱས་ཡོད་ནའང་། ཨ་མི་རི་ཀའི་སྲིད་འཛིན་ལྗོ་བྷ་ཊན་མཆོག་ནས། ཁོང་ཉིད་ལྷན་ཚོགས་དེར་ཞི་ཅིན་ཕིན་ལ་ཐུག་འདུན་ཡོད་པ་དང་། རྒྱ་ནག་སྲིད་འཛིན་ལྷན་ཚོགས་དེར་མི་ཞུགས་རྒྱུའི་ཐད་བློ་ཕམ་ཡོད་པ་གསལ་སྟོན་གནང་ཡོད་པ་དང་མཚུངས། ལྷན་ཚོགས་དེ་ལ་ཨུ་རུ་སུའི་སྲིད་འཛིན་པུ་ཊིན་ཀྱང་མི་ཞུགས་རྒྱུ་གཏན་ཁེལ་ཡོད་པར་བརྟེན། ད་ཆ་ལྷན་ཚོགས་དེར་ཚོགས་མི་གལ་ཆེན་རྒྱལ་ཁབ་གཉིས་ཀྱི་སྲིད་འཛིན་མི་ཞུགས་རྒྱུ་གཏན་ཁེལ་ཆགས་ཡོད་པ་རེད།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན། ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།