རྒྱ་ནག་གཞུང་གིས་ཡ་ཆེན་སྒར་ནས་གྲྭ་བཙུན་མང་པོ་ཕྱིར་ཕུད་བཏང་འདུག
2019.06.11
རྒྱ་ནག་གཞུང་གིས་ཡ་ཆེན་སྒར་གྱི་ནང་དུ་སློབ་གཉེར་བྱེད་མཁན་བོད་རང་སྐྱོང་ལྗོངས་ཟེར་བ སོགས་ས་གནས་གཞན་པའི་གྲྭ་བཙུན་མང་ཆེ་བ་ཕྱིར་ཕུད་བཏང་འདུག
དེ་ཡང་བོད་ནས་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་བ་ལྟར་ན། རྒྱ་ནག་གིས་བརྗོད་བཞིན་པའི་ཟི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དཔལ་ཡུལ་རྫོང་གི་ཁོངས་སུ་ཆགས་པའི་ཡ་ཆེན་ཨྱོན་བསམ་གཏན་གླིང་ཆོས་སྒར་ནང་དུ། རྒྱ་ནག་གཞུང་གིས་ཕྱི་ཟླ་༥ པ་ནས་གྲྭ་བཙུན་ཕྱིར་ཕུད་གཏོང་པའི་ལས་གཞི་ལག་བསྟར་བྱས་ཏེ་བོད་རང་སྐྱོང་ལྗོངས་ཟེར་བའི་ཁོངས་ནས་ཡིན་པའི་གྲྭ་བཙུན་ཕལ་ཆེ་བ་ཕྱིར་ཕུད་བཏང་ཡོད་འདུག
ཡང་ཁོང་གིས་ངོ་སྤྲོད་བྱས་པའི་ནང་། མཚོ་སྔོན་དང་ཟི་ཁྲོན་ཞིང་ཆེན་ནས་ཡིན་པའི་གྲྭ་བཙུན་རྣམས་ལ་ཁོང་ཚོའི་རྫོང་སོ་སོའི་ངོས་ནས་གྲྭ་བཙུན་རྣམས་ཆོས་སློབ་གཉེར་བྱེད་མཁན་ཁོ་ན་ཡིན་པ་ལས་གནས་ཚུལ་རིགས་མི་ལྷག་པའི་འགན་ལེན་ཡིག་གེ་སྤྲད་པར་བརྟེན་ནས་ད་ལྟའི་ཆར་ཕྱིར་འབུད་བཏང་མེད་པ་བརྗོད་ཀྱི་འདུག
རྒྱ་ནག་གཞུང་གིས་འདི་ལོའི་ཕྱི་ཟླ་༥་བ་ནས་ཡ་ཆེན་སྒར་གྱི་གྲྭ་བཙུན་ཕྱིར་འབུད་གྱི་ལས་དོན་འགོ་བཙུགས་པ་ནས་བཟུང་། ད་བར་ཁྱོན་གྲྭ་བཙུན་གྲངས་གསུམ་སྟོང་ལྔ་བརྒྱ་ཡས་མས་ཕྱིར་འབུད་བཏང་ཟིན་པ་ས་གནས་བོད་མི་ཚོས་ཚོད་དཔག་པ་བོད་ནང་བོད་མི་ཞིག་གིས་འདི་ག་རླུང་འཕྲིན་ཁང་ལ་བརྗོད་བྱུང་། གྲྭ་བཙུན་ཕྱིར་ཕུད་གཏོང་སྐབས་སྤྱི་སྤྱོད་རླངས་འཁོར་ནང་བླུགས་ནས་རང་གནས་སུ་ཕྱིར་ཕུད་གཏོང་བ་མ་ཟད། སྐྱེལ་མི་སུ་གཅིག་འགྲོ་མི་ཆོག་པའི་བཀོད་ཁྱབ་བཏང་ཡོད་པ་རེད།
གཞན་ཡང་ཡ་ཆེན་སྒར་ས་གནས་སུ་ད་ལྟའི་ཆར་རྒྱ་ནག་གཞུང་གིས་ལས་བྱེད་པ་ཁྱོན་བསྡོམས་༦༠༠་ཙམ་བཅའ་སྡོད་བྱེད་མཁན་ཡོད་པ་ཚོས་ལྟ་རྟོགས་ནན་པོ་བྱེད་བཞིན་ཡོད་པ་སོགས་ཡ་ཆེན་སྒར་ཕྱི་ནང་ཚང་མར་དམ་དྲག་ཆེན་པོ་བྱེད་བཞིན་ཡོད་པའི་གནས་སྟངས་བོད་ནང་གི་གནས་ཚུལ་ཡོང་ཁུངས་ཞིག་གིས་འགྲེལ་བརྗོད་གནང་བྱུང་།