༸གོང་ས་མཆོག་གི་༸སྐུ་མདུན་དུ་འབྲུག་པའི་ན་གཞོན་ཞིག་གིས་བསྟོད་གླུའི་མཆོད་པ་ཕུལ་བ།
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་རྒྱལ་ཁབ་ཕྱི་ནང་ནས་མཇལ་བཅར་དུ་ཕེབས་མཁན་དད་ལྡན་སེར་སྐྱ་ཕོ་མོ་དབྱེ་བ་མེད་པ་ཚང་མར་མཇལ་ཁ་དང་བཀའ་སློབ་སྩལ་ཏེ་འགྲོ་བ་སྤྱིའི་བདེ་རྩར་ཕན་པའི་རླབས་ཆེན་གྱི་མཛད་འཕྲིན་ཁག་མུ་མཐུད་སྐྱོང་མུས་ཡིན་པ་ལྟར། སྤྱི་ཟླ་༢་པའི་ཚེས་༨ རེས་གཟའ་ལྷག་པའི་ཉིན་འབྲུག་རྒྱལ་ཁབ་ནས་ཡིན་པའི་ན་གཞོན་བུ་མོ་བསོད་ནམས་ཡོན་ཏན་ལགས་ཀྱིས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་དངོས་ཀྱི་དྲུང་དུ་མགོན་པོ་གང་ཉིད་མཆོག་ལ་བསྟོད་གླུའི་མཆོད་པ་ཕུལ་བར་༸གོང་ས་མཆོག་གིས་ཐུགས་དགྱེས་ཉམས་ཆེན་པོས་ཁོང་མོར་ཐུགས་རྗེ་ཆེ་ཞེས་བཀའ་གནང་འདུག་པ་མ་ཟད། ད་ཆ་བསྟོད་གླུའི་བརྙན་ཐུང་དེ་སྤྱི་ཚོགས་དྲམ་ལམ་སྟེང་ཁྱབ་གདལ་འགྲོ་མུས་ཡིན་འདུག
ན་གཞོན་བསོན་ནམས་ཡོན་ཏན་ལགས་ནི་འབྲུག་རྒྱལ་ཁབ་ཏུ་སྐྱེས་ཏེ་འཚར་ལོངས་བྱུང་ཞིང་། འབྲུག་སློབ་ཡོན་རུ་ཁག་ཅིག་གི་རོགས་རམ་ལ་བརྟེན་ནས་ད་ལྟའི་ཆར་ཁོང་མོས་རྒྱ་གར་བྱང་ཕྱོགས་སྡེ་ར་རྡུན་དུ་མཐོ་རིམ་སློབ་གཉེར་གནང་མུས་ཡིན་འདུག “ང་རང་ཆུང་དུས་སྐབས། འབྲུག་ཡུལ་དུ་ངའི་ཕ་དམ་པས་༸གོང་ས་༸སྐྱབས་མགོན་༸སྐུ་ཕྲེང་༡༤ པ་ཆེན་པོ་མཆོག་ནི་སྙིང་རྗེའི་བདག་ཉིད་དུ་གྱུར་བའི་སངས་རྒྱས་དངོས་ཡིན་པ་ཡང་ཡང་བརྗོད་ཀྱི་ཡོད། དུས་དེ་ནས་བཟུང་ངས་ད་རེས་ཀྱི་སྐལ་བཟང་གི་ཉིན་མོ་དེ་རེ་སྒུག་བྱས་ནས་བསྡད་པ་ཡིན། འདི་ཚེས་༨ ཉིན་བརྗོད་མི་ཤེས་པ་ཞིག་ལ། ངས་འདི་ལྟ་བུའི་ཁོང་གིས་གསེར་ཞལ་མཇལ་ཏེ། བསྟོད་གླུ་འབུལ་རྒྱུའི་གོ་སྐབས་ཐོབ་པ་བསམ་ཡུལ་ལ་མེད། འདི་ནི་ངར་རྨི་ལམ་མངོན་གྱུར་བྱུང་བ་ལྟ་བུའི་ཧ་ཅང་སྐལ་པ་བཟང་བྱུང་”ཞེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
ཁོང་མོས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཕུལ་བའི་བསྟོད་གླུའི་ནང་དོན་ཏེ། “ན་མོ་ལོ་ཀེ་ཤྭ་ར་ཡ། སྐྱབས་ཀུན་འདུས་བླ་མ་སྤྱན་རས་གཟིགས། ཆོས་སྙིང་པོ་ཡི་གེ་དྲུག་པ་ལ། མི་བདག་སོགས་གུས་པས་གསོལ་བ་འདེབས། སེམས་ཡང་དག་ཆོས་ལ་འགྱུར་བར་ཤོག ལྷ་སྤྱན་རས་གཟིགས་ལ་སྐྱབས་སུ་མཆི།”
མཇལ་ཁའི་སྐབས་མཇལ་བཅར་མང་པོ་ཞིག་དང་ལྷན་དུ་བང་སྒྲིག་སྟེ། མཐར་༸གོང་ས་མཆོག་གི་༸སྐུ་མདུན་དུ་ང་རང་འབྱོར་མ་ཐག་ཏུ་སེམས་ལ་དགའ་ཚོར་དམིགས་བསལ་ཞིག་བྱུང་སོང་་ལ། མིག་ཆུ་ཡང་རང་དབང་མེད་པ་ཤོར་སོང་། ངའི་འཁྲིས་དེར་ལ་དྭགས་ནས་ཕེབས་པའི་ཨ་ཅག་ལགས་ཤིག་གིས། བུ་མོ་ཁྱེད་རང་བསོད་ནམས་ཅན་ཞིག་རེད་འདུག་ཅེས་བརྗོད་བྱུང་། རྒྱུ་མཚན་ནི། མཇལ་བཅར་བ་མང་ཆེ་བ་ལ་དུས་ཚོད་སྐར་ཆ་འགའ་ཞིག་ལས་རག་གི་མེད་ཀྱང་། ང་ལ་འདི་ལྟ་བུའི་སྐལ་བཟང་གི་གོ་སྐབས་ཐོབ་བྱུང་། ད་ཆ་ངས་བསྟོད་གླུའི་བརྙན་ཐུང་དེ་སྤྱི་ཚོགས་དྲ་ལམ་སྟེང་ཁྱབ་གདལ་ཤུགས་ཆེར་འགྲོ་ཡི་འདུག་ལ། ངའི་ནང་མི་སྤུན་ཉེ་ཚོ་ཡང་ཧ་ཅང་གི་དགའ་པོ་བྱུང་འདུག་ཅེས་འགྲེལ་བརྗོད་གནང་བྱུང་། གཞན་ཡང་བུ་མོ་བསོད་ནམས་ཡོན་ཏན་ལགས་ཀྱིས་༸གོང་ས་མཆོག་གི་༸སྐུ་མདུན་དུ་བཏང་གནང་བའི་བསྟོད་གླུའི་བརྙན་དེ་བཞིན་བོད་ཀྱི་བརྙན་འཕྲིན་ཚན་པའི་ངོ་དེབ་དྲ་རྒྱའི་སྟེང་མི་གྲངས་འབུམ་གཅིག་མ་ཟིན་ཙམ་གྱི་གཟིགས་འདུག་ལ། དེ་བཞིན་དགའ་ལྡན་ཕོ་བྲང་གི་པར་པ་བསྟན་འཛིན་འཇམ་དཔལ་ལགས་ཀྱི་ངོ་དེབ་སྟེང་མི་གྲངས་སྟོང་ཕྲག་བདུན་ཅུ་ལྷག་གི་ད་བར་གཟིགས་འདུག
གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།