བཙན་བྱོལ་བོད་མི་གཞོན་སྐྱེས་ཚོའི་བསམ་ཚུལ་སྐོར།
2008.11.19
༄༅༎བཞུགས་སྒར་རྡ་རམ་ས་ལར་རེས་གཟའ་ཟླ་བ་ནས་བཟུང་བཙན་བྱོལ་བོད་མིའི་སྐུ་ཚབ་ལྔ་བརྒྱ་ལྷག་ཙམ་ཚོགས་འདུ་གནང་བཞིན་ཡོད་པ་ལྟར་ཕྱིའི་ཡུལ་གྲུ་ཁག་ནས་ཀྱང་དོ་སྣང་ཆེན་པོས་གསར་འགྱུར་བཀོད་པར་བཅར་ཡོད་པ་རེད། དེ་རིང་ཨེ་པི་གསར་འགྱུར་ལས་ཁང་ནས་ཚོགས་འདུའི་སྐོར་གནས་ཚུལ་བཀོད་ཐོན་བྱུང་བའི་ནང་གསལ་ལྟར་ན་ཚོགས་བཅར་བའི་ཁོངས་སུ་རྒན་རབས་ཚོས་༸གོང་ས་མཆོག་གི་ལམ་སྟོན་གཞིར་བཟུང་ལམ་དབུ་མའི་ཐོག་འགྲོ་དགོས་ལུགས་ཀྱི་བསམ་ཚུལ་བཏོན་པ་དང་དེ་ལས་ལྡོག་ཏེ་གཞོན་སྐྱེས་ཚོས་རང་བཙན་གཙང་མའི་ཕྱོགས་སུ་འགྲོ་དགོས་ལུགས་བཤད་བཞིན་ཡོད་ལུགས་བཀོད་འདུག
དེ་ཡང་གསར་འགོད་པས་ཚོགས་བཅར་བའི་ཁོངས་སུ་བསྟན་འཛིན་བཙོན་གྲུས་ལགས་སུ་བསམ་ཚུལ་འདྲི་པའི་སྐབས་ཁོང་གིས་རྒན་གཞོན་གཉིས་དབར་བསམ་ཚུལ་མི་འདྲ་བ་ཡོང་གི་འདུག གཞོན་པ་ཚོས་རྒྱ་ནག་གཞུང་དང་མཉམ་ཆགས་ཡང་གི་གྲོས་མོལ་རྩ་བ་ནས་བྱེད་རྒྱུ་ཡོད་མ་རེད། རང་བཙན་གཙང་མ་རྩོད་ལེན་བྱེད་དགོས་ལུགས་དང་ཡང་རྒན་རབས་ཚོས་༸གོང་ས་མཆོག་གི་ལམ་སྟོན་གནང་བའི་ལམ་དབུ་མའི་ཐོག་མུ་མཐུད་ནས་འགྲོ་དགོས་ལུགས་གསུངས་ཀྱི་འདུག ཐབས་ལམ་དེས་ད་བར་ལམ་ལྷོང་བྱུང་ཡོད་མ་རེད་ཅེས་འགྲེལ་བརྗོད་བྱས་འདུག
དེ་དང་ཕྱོགས་མཚུངས་ལོ་ན་གསུམ་བཅུ་ཙམ་ལ་སླེབས་པའི་དོན་གྲུབ་ཞེས་པ་ཞིག་གིས་བཙན་བྱོལ་བོད་གཞུང་གིས་རྒྱ་ནག་གི་དམིགས་ཡུལ་དང་བྱུས་གང་ཡང་ཤེས་ཀྱི་མི་འདུག དེ་འདྲ་ཡིན་དུས་ང་ཚོ་བོད་མི་མང་རང་ངོས་ནས་སོ་སོའི་རང་དབང་ཐོབ་ཐབས་སུ་ག་རེ་འོས་པ་ཡོད་ནའི་ཐབས་ལམ་དེ་བཟུང་རྒྱུ་རེད་ཅེས་བསམ་ཚུལ་བཏོན་འདུག གང་ལྟར་བོད་མི་རྒན་གཞོན་ཚོས་མ་འོངས་བོད་ཀྱི་གནད་དོན་ཐག་ཆོད་ཡོང་ཐབས་སུ་བསམ་ཚུལ་བསྡུ་ལེན་གྱི་ཚོགས་ཆེན་འདི་ཧ་ཅང་གལ་འགངས་ཆེན་པོ་ཞིག་བརྩིས་ནས་གོ་བསྡུར་བྱེད་ཀྱི་ཡོད་ཀྱང་རྒྱ་ནག་གཞུང་གི་ངོས་ནས་ཉེ་ཆར་བོད་རྒྱ་ནག་ཁོངས་ནས་ཁ་བྲལ་གཏོང་རྒྱུའི་དམིགས་ཡུལ་རྩ་བ་ནས་འགྲུབ་ཀྱི་མ་རེད་ཅེས་གཏམ་བཤད་སྤེལ་ཡོད་པ་སོགས་ཨེ་པི་གསར་འགོད་པས་གནས་ཚུལ་བཀོད་འདུག