༧གོང་ས་མཆོག་གི་ཡང་སྲིད་ཐད་རྒྱ་ནག་གིས་སེམས་ཁྲལ་སྐྱོན་བརྗོད།
2015.03.11
རྒྱ་ནག་མི་མང་འཐུས་མིའི་ཚོགས་ཆེན་གྱི་ཞོར་དུ་༧གོང་ས་མཆོག་གི་ཡང་སྲིད་ཐད་སེམས་ཁྲལ་སྐྱོན་བརྗོད་བྱས་འདུག
དེ་ཡང་རོ་ཨི་ཀྲར་གསར་ལས་ཁང་གིས་གནས་ཚུལ་བཀོད་གསལ་ལྟར་ན། རྒྱ་ནག་གཞུང་གི་དགག་པ་སྐྱོན་བརྗོད་ལ་བཟོདབསྲན་དང་། རྒྱ་ནག་གི་དཔལ་འབྱོར་སྟོབས་ཤུགས་ལ་བསྟུན་མཁས་བྱས་པའི་ཤུགས་རྐྱེན་འོག་ཉེ་བའི་དུས་སུ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ ཕྱིའི་ཡུལ་གྲུ་ཁག་གི་དབུ་ཁྲིད་ཚོས་མཇལ་འཕྲད་གནང་རྒྱུ་ཉུང་དུ་ཕྱིན་ཡོད་ཚུལ་དང་། ཁ་ས་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་ཚོགས་བཞིན་པའི་རྒྱ་ནག་མི་མང་འཐུས་མིའི་ཚོགས་ཆེན་གྱི་ཞོར་དུ། རྒྱ་ནག་སྲིད་གྲོས་ཀྱི་རྒྱུན་ལས་དང་མི་རིགས་ཆོས་ལུགས་ལྷན་ཁང་གི་འགན་འཛིན་Zhu Weiqunགིས། རྒྱལ་སྤྱིའི་ཐོག་ཏཱ་ལའི་བླ་མའི་ཆེ་མཐོང་ལ་དོ་དབྱིངས་ཉུང་དུ་འགྲོ་བཞིན་པ་དེ་བོད་ནང་འཛུགས་བསྐྲུན་ཡར་རྒྱས་ཀྱི་ལས་གཞིའི་འོག་བོད་མིའི་གནས་སྟངས་ཡར་རྒྱས་འགྲོ་བཞིན་པའི་རྒྱུ་མཚན་ལ་ཐུག་གི་ཡོད་ལུགས་གཏམ་བཤད་བྱས་འདུག Zhu weiqunགིས་མུ་མཐུད་བརྗོད་པར། ཕྱིའི་རྒྱལ་ཁབ་ཀྱི་དབུ་ཁྲིད་སུ་འདྲ་ཞིག་རུང་གནས་ཚུལ་ལ་རྒྱུས་མངའ་གོ་རྟོགས་མེད་པར། གལ་སྲིད་ཏཱ་ལའི་བླ་མ་དང་ཐུག་འཕྲད་བྱས་ཚེ་རྒྱལ་ཁབ་དེའི་ཐོག་རྒྱ་ནག་གཞུང་གིས་ལྟ་ཚུལ་སྡུག་པོ་ཡོང་རྒྱུ་ཡིན་ཚུལ་ཉེན་བརྡ་བཏང་པ་དང་ཆབས་ཅིག་ཕྱིའི་རྒྱལ་ཁབ་ཀྱི་དབུ་ཁྲིད་ཙམ་མ་ཟད། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གིས་ཀྱང་། ཏཱ་ལའི་བླ་མར་དོ་དབྱིངས་ཆུང་དུ་འགྲོ་ཡོད་པ་དང་། བོད་ནང་དུའང་དེ་མཚུངས་ཏཱ་ལའི་བླ་མའི་ཤུགས་རྐྱེན་ཆུང་དུ་འགྲོ་བཞིན་ཡོད་པ་ནི། ཉེ་བའི་དུས་སུ་རང་ལུས་མེར་བསྲེག་གི་གནས་ཚུལ་ཉུང་དུ་འགྲོ་བཞིན་ཡོད་པ་དེ་དག་ལས་གསལ་པོ་མངོན་ཐུབ་རྒྱུ་ཡིན་ལུགས་གཏམ་བཤད་བྱས་འདུག ཡང་ཁོང་གིས། གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཏཱ་ལའི་བླ་མའི་ཡང་སྲིད་ཕེབས་ཕྱོགས་ཐད་ལ་སྐབས་རེར་ཡང་སྲིད་ཕྱིའི་མི་རིགས་སུ་འཁྲུངས་རྒྱུ་དང་། སྐབས་རེར་བུད་མེད་འཁྲུངས་རྒྱུ་སོགས་དགོངས་ཚུལ་སྣ་ཚོགས་གསུངས་བཞིན་ཡོད་པ་དེ་དག་ནི་བོད་ཀྱི་ཆོས་དང་། རྒྱལ་ཁབ་ལ་གུས་བརྩི་མེད་པའི་རྣམ་པ་གསལ་པོ་མཚོན་གྱི་ཡོད་ལུགས་སྐྱོན་བརྗོད་དང་སྐྱོན་འཛུགས་དྲག་པོ་བྱས་འདུག
གསར་འགོད་པ་དོན་གྲུབ་རྣམ་རྒྱལ།